སྙིང་ཉེ་ཞིང་ངོ་མི་ཤེས་པའི་མི་ལགས།

 

ས་ཆེན་པོ་སྔར་བཞིན་བརྟན་ཞིང་། གནམ་སྔོན་པོ་སྔར་བཞིན་རྒྱ་ཆེ་ཡང་། བོད་ཀྱི་གནམ་འོག་ཏུ་བདག་གི་སྤུན་ཟླ་ཚོའི་ངུ་སྐད་ད་དུང་ཡང་འཇག་མེད་པས། ངས་ཀྱང་རྨི་ལམ་དང་དངོས་ཡོད་མཉམ་དུ་བསྲེས་ནས་ཁྱེད་ཚོའི་བདེ་སྡུག་སྔར་བཞིན་ དབྱངས་ལ་འགུག་བཞིན་ཡོད། འདི་ལྟར་བཤད་ན་ཁྱེད་ཀྱིས་ངའི་སྐད་ཆའི་གོ་བ་ལོན་ནམ།

ལོ་ཟླ་འདི་ཚོའི་ནང་དུ། ང་ཚོ་ལྟར་ཕ་མ་དང་ནང་མི། ཡང་ན་བཟའ་ཟླ་དང་བུ་ཕྲུག ཡང་ན་བྱ་བཞག་དང་ཞེན་ཆགས་ཡོད་པའི་ན་གཞོན་ཕོ་མོ་གང་མང་ཞིག་གིས། འཇིག་རྟེན་འདི་རུ་ཆེས་འཇིག་རུང་གི་ལམ་ཀ་ཞིག་གམ། ཡང་ན་ཆེས་བློ་སྟོབས་ཆེ་བའི་ལམ་ཀ་ཞིག་གདམས་ཏེ། རེ་རེ་ཡིས་བ་སྤུ་དང་རུས་པ་འཚིགས་བཞིན་འབོད་སྒྲ་ཞིག་དང་སེམས་མདུན་ཞིག་ཁུར་ཏེ་ང་ཚོ་དང་གཏན་ཏུ་བདེ་མོ་བཞག་སོང་།

མི་དེ་དག་ནི་ང་ཚོས་རྒྱུན་ཏུ་བརྗོད་པའི་ངའི་ཕ་མ་དང་ནང་མི། ཡང་ན་དགའ་ཉེ་སྤུན་ཟླ་སུ་ཡང་མ་ཡིན་ལ། མི་དེ་ཚོ་ནི་ངས་མི་ཚེ་འདིར་མིག་གིས་མཐོང་མ་མྱོང་བ་རྐྱང་རྐྱང་རེད་མོད། ཡིན་ན་ཡང་མི་དེ་དག་གིས་ང་དང་ཁྱེད། ད་དུང་ཁོ་དང་ཁོ་མོ་ལ་སོགས་པའི་ཐུན་མོང་གི་གནས་ཚང་དང་ཐུན་མོང་གི་རྨི་ལམ་ཞིག་ གི་ཕྱིར་དུ། རང་གི་ན་ཟུག་དང་རང་གི་ཞེན་ཆགས་ཡོད་ཚད་རླུང་ལ་སྐུར་ཏེ། རེ་རེ་བཞིན་ག་ལེར་ཆེས་མུན་ནག་གི་འཇིག་རྟེན་དེ་ལ་ཆེས་སྡུག་རྩུབ་ཆེ་བའི་ལམ་ཀ་ ཞིག་གདམས་ནས་ཕྱིན་སོང་། དེ་བས་ཤ་རུས་གཅིག་ཅིང་རེ་མདུན་གཅིག་པའི་ངོ་མི་ཤེས་པའི་མི་དེ་དག་ནི་ང་ཡི་ནང་ མི་དང་སྤུན་ཟླ་ལས་ལྷག་པའི་རླབས་ཆེ་ཞིང་། ངས་དུང་བ་དང་ཧབ་ཞེན་ཡོད་ཚད་ལག་པའི་འཁྱོར་བས་སྐྱོར་ཏེ་ང་དང་གྱེས་ཟིན་པའི་མི་དེ་ཚོར འབུལ་ན་འདོད།

མི་ལ་ཤས་ཀྱིས་དམར་པོ་མེ་དང་འབར་བའི་མེ། འཚིགས་པར་བྱེད་པའི་མེ་དང་མཉམ་དུ་རུས་ཐལ་གྱུར་ཟིན་པའི་ཁྱེད་ཚོའི་གནས་ཚུལ་གོ་ཐེངས་རེར། མ་ཎི་རེ་འདོན་ཞིང་། གདུང་སེམས་མཉམ་སྐྱེད་ཡོད་རེ་ལབ་ལ། ཡང་རྒྱ་ནག་ལ་ཚིག་ནག་རེ་འཕངས་ཏེ་བུད་འགྲོ  ཤུལ་དུ་ངས།  ཁྱེད་ཚོས་རེ་བ་གཅིག་ཁོ་ནའི་ཆེད་དུ་ན་ཟུག་ཡོད་ཚད་ལ་གདོང་ལེན་བྱ་བའི་སྐབས་དེ་དང་། ཐོག་མར་ཆོད་སེམས་བཞག་པའི་རྒྱུད་རིམ་ཁྲོད་དུ་སྙིང་ཉེ་བའི་ཕ་ལོ་མ་ལོ་དང། སེམས་དུང་བའི་སྙིང་ཉེ་ཆུང་མ། ཞེན་ཆགས་སའི་བུ་ཕྲུག་དམར་རྗེན་སོགས་བློས་མི་ཐོངས་པའི་བསམ་བློ་ལ་ཇི་འདྲའི་འགལ་འདུ་སྣ་མང་ཞིག་སླེབས་མྱོང་བ་སོགས་ཀྱི་རྒྱུད་རིམ་ཡོད་ཚད་བསམ་ཞོར།  ངས་མཚན་མོ་མང་པོ་འཆར་ཡན་ལྟ་བུའི་ཁྲོད་དུ་གཟུགས་བརྙན་བཞེངས་ཤིང་། ངས་མིག་ཆུ་དང་ལྷན་དུ་ཁེར་བཤད་དང་སྟོང་འདང་གི་ཁྲོད་ནས་ཉིན་ཞག་བརྩི་དུས། ངས་ཁྱེད་ཀྱི་ན་ཟུག་ལ་ལག་པ་འཆིངས་མི་ཐུབ་ཅིང་ངས་ཁྱེད་ཀྱི་སྙིང་ཉེ་བའི་མི་ཚོར་སེམས་གསོ་བྱ་ཐབས་བྲལ་དུས། ང་རང་མྱ་ངམ་ཐང་དུ་སྐོམ་གདུང་གིས་མནར་བའི་སྲོག་ཆགས་ཤིག་ལྟར། འཚོ་བའི་ཁ་དོག་ཡོད་ཚད་ཡལ་ཞིང་། ངས་རང་གི་སྐྲ་ལོ་དང་ངོ་གདོང་ལ་སྤར་ཤད་ཡང་ཡང་བྱ་དགོས་བྱུང་། 

མཚམས་རེར་ཐབ་ཚང་གི་ནང་དུ་ལས་ཞོར་དུ་ལག་པ་མེ་འོད་ལ་ཐུག་ཙམ་བྱེད་སྐབས། དེ་མ་ཐག་ངས་ཁྱེད་ཚོའི་མྱོང་བ་ལ་བསམ་གཞིགས་བྱ་དགོས་བྱུང་ཞིང་། ངས་བཙན་པོའི་རྒྱུད་པ་ཞིག་གི་དཔའ་ངར་ཡོད་པའི་ཁྱེད་ཚོའི་སྙིང་རྩ་དང་བློས་གཏོང་། དཔའ་ངར་དེ་གང་ནས་རྙེད་པར་བསམ་གཞིགས་ཡང་ཡང་བྱ་དགོས་བྱུང་ལ། ཡང་མཚམས་རེར་ངས་ང་དང་ང་ཚོར་འབྲེལ་བ་མེད་པའི་མི་དེ་ཚོར་ཁྱེད་ཚོའི་ཤུལ་རྗེས་གླེང་སྐབས། མི་དེ་ཚོས་དེ་ནི་ལྷ་སྒྲུང་ལྟ་བུའི་འདུ་ཤེས་ལ་འཛིན་ཞིང་། ཡང་མི་དེ་ཚོས་དེ་ནི་ཇི་འདྲའི་གུས་བཀུར་འོས་ཤིང་དང་བསམ་བློའི་དཔའ་ངར་ལྡན་ པའི་མི་རིགས་ཤིག་རེད་ཨང་ཞེས་ཀྱང་བསྟོད། ཡིན་ན་ཡང་དེའི་ཤུལ་དུ་ངས་བསྐྱར་དུ་ཁྱེད་ཚོའི་འདོད་པ་དང་མདུན་པ་དེའི་སླད་དུ་བསམ་གཞིགས་བྱ་དགོས་བྱུང་།

ཞོགས་པ་གཉིད་ལས་སད་ཐེངས་རེར་སྙིང་རྩ་འདར་གྱིན་རྒྱུད་ལམ་ཁག་ཏུ་ལྟ་དགོས་བྱུང་ལ། བསྐྱར་དུ་ལྷ་སྒྲུང་ནང་གི་སྐར་ཆེན་ལྟ་བུའི་གནས་ཚུལ་རེ་བྱུང་མེད་འགྲོ་བསམ་པའི་ཞེད་སྣང་གི་ལག་པ་འདར་བར་བྱེད། ད་ལྟ་ད་དུང་མུ་མཐུད་ནས་དམར་པོ་མེ་ཡི་འབར་ལམ་ན། ཤ་དང་རུས་པས་གྲུབ་པའི་ང་དང་འདྲ་བའི་ཁྱེད་ཚོ་འབར་གྱིན་འདུག་ལ། ད་དུང་མུ་མཐུད་ནས་སྤར་བར་འདུག ངས་མུ་མཐུད་ནས་འདི་ལྟ་བུའི་ཟློས་གར་ལ་ལྟ་ན་མི་འདོད་ལ། ངས་མུ་མཐུད་ནས་འཇམ་ཅག་གེར་དང་ཡང་ན་ཀུ་ཡངས་པོས་འབོད་སྒྲ་རེ་བསྒྲགས་ནས་ཆོག་ཙམ་བྱེད་པའི་མི་ཚོགས་ཤིག་གི་རྣམ་འགྱུར་ལ་ལྟ་འདོད་མ་བྱུང་། ངས་མུ་མཐུད་ནས་ཁྱེད་ཚོའི་བློས་གཏོང་དེ་མགོ་བདེ་བྲན་འཁྲུལ་ཁ་ཤས་ཀྱི་རྩེད་ཆས་དང་རྡོ་ཐེམ་ལ་འགྱུར་དུ་མཇུག་མི་འདོད་ལ། ངས་མུ་མཐུད་ནས་ཁྱེད་ཚོའི་ཤ་དང་རུས་པ་དེ་སྙིང་གི་འཕར་ལྡིང་བར་ན་འབར་བའི་འཚིགས་སྒྲ་དང་བསྲེགས་པའི་མེ་འོད་དེ་ཚོ། རོ་སྒམ་དུ་བཅུག་པའི་ཀེང་རུས་དེའི་འགྲམ་གྱི་མེ་ཏོག་རྙིད་པོ་དེར་འགྱུར་དུ་མཇུག་མི་འདོད།

མི་ལ་ཤས་ཀྱིས་ཁྱེད་ཚོ་དཔའ་བོ་རེད་ཟེར། མི་ཁ་ཤས་ཀྱིས་ཁྱེད་ཚོ་རླབས་ཆེན་རེད་ཟེར། དེ་ལྟ་བུའི་མཁའ་དབྱིངས་དང་ཀུ་ཅོ་ཡི་བར་དུ་མི་ཡོད་ཚད་ཀྱིས་རང་གིས་ཤེས་པ་དེ་གླེང་བཞིན་ངོས་དང་ཟུར་མང་པོ་རུ་འུར་ཟིང་ཟིང་བཟོ་བཞིན་པའི་སྐབས་འདིར། ཁྱེད་ཀྱི་ཤ་དང་རུས་པས་གྲུབ་པའི་ཕུང་བོ་དེ་རུས་ཐལ་དུ་གྱུར་བའི་འགྲམ་དུ། ཨ་མ་རྒན་མོ་ཞིག་གི་སྙིང་གི་གཅེས་ལོ་ཟེར་ནས་ངུ་སྐབས་ཤོར་གྱིན་པའི་སྣང་བརྙན་ཞིག་མཐོང་ཡོང་ལ། ཡང་བུད་མེད་ན་གཞོན་མ་ཞིག་གི་རེ་ཐག་ཆད་པའི་མིག་འོད་ཅིག་མཐོང་ཡོང་། ད་དུང་བྱིས་པ་སྣབས་ལུགས་ཤིག་གིས་ཡ་མཚར་ཏེ་རིག་རིག་མིག་གིས་ཁྱེད་ལ་ཅེར་བའི་ངང་ཚུལ་ཞིག་མཐོང་ཡོང་ན། ཁྱིམ་གཞི་དེ་རུ་མཚོན་ན་ཁྱེད་རང་གནམ་དང་ས་གཉིས་ཆ་ཡིན་པ་བསམ་ན་ངས་བསྐྱར་དུ་ཁྱེད་ཀྱི་བློས་གཏོང་ལ་བསམ་གཞིགས་བྱེད་དེ་རིན་ཐང་འཇལ་དགོས་བྱུང་། ཁྱེད་ཀྱིས་དང་དུ་བླངས་ཟིན་པའི་ཆེས་ཆེ་བའི་འགན་འཁྲི་དེ་ལ། མི་ཚོགས་ཀྱིས་ཀུ་ཅོ་དང་འུར་ཟིང་ལས་བརྒལ་བའི་མདུན་པ་ཁོ་ན་གླེང་བའི་དར་ཤིང་དེ་འཛུགས་སྲིད་དམ། སྙིང་ཉེ་ཞིང་ངོ་མི་ཤེས་པའི་མི་ལགས།

འཇིག་རུང་གི་ལོ་ཟླ་འདི་རུ། འཇིག་རུང་གི་གཏམ་རྒྱུད་མང་པོ་ད་དུང་འབྱུང་གིན་འདུག ངས་ཀྱང་ད་དུང་སྐྱོ་གར་ཁོ་ན་སྨྲ་བའི་གཏམ་རྒྱུད་འདིའི་མཇུག་སྐྱོང་གི་ཡོད།

 

25 responses to “སྙིང་ཉེ་ཞིང་ངོ་མི་ཤེས་པའི་མི་ལགས།”

  1. Tenzin Jampa Avatar
    Tenzin Jampa

    གང་ཉིད་ཀ྄ྱི་ད྄ྲ་ལམ་འདི་དངོས་ནས་ཡིད་རངས་འོས་པའི་ར྄ྩོམ་རིག་གི་

    1. Tsering kyi Avatar

      བཀའ་དྲིན་ཆེ

      1. Namgyal kunsang Avatar
        Namgyal kunsang

        བསྟན་འཛིན་བསྐྱིད་ལགས།
        ཁྱེད་ཀྱི་བསྟོད་སྔགས་གནང་བའི་སློག་བསྙེན་བྱེ་ཐང་གི་མེ་ཏོག་ཞེས་པ་དེ་ཤིན་ཏུ་ནས་བལྟ་འདོད་བྱུང་བས་
        ས་ཆ་གང་ནས་ཐོབ་ཀྱིན་ཡོད་གསུང་གནང་རོགས་ཞུ།།
        བཀྲིན་ཆེ་ཞུ།།

  2. tsering Avatar
    tsering

    I cant typ tibetan words here, why?

  3. རྟ་སྐུ་ངོ་ Avatar
    རྟ་སྐུ་ངོ་

    མིག་གི་ཡུལ་དུ་མཛེས་པའི་གཟུགས་རེས་བཞིན།།རྣ་བའི་དབང་པོར་ཁུ་བྱུག་གྲེ་འགྱུར་བཞིན།།སེམས་ལ་བདེ་སྟེར་ཏིང་འཛིན་ཁ་ཟས་བཞིན།།དབང་པོ་ཚིམ་བྱེད་འདོད་ཡོན་འདི་ན་མཆེས།།

  4. བུ་བྱམས Avatar
    བུ་བྱམས

    འཚམས་འདྲི་ཞུ།
    ཁྱེད་ཀྱི་ཟིན་བྲིས་ཡར་ངོའི་ཟླ་ལྟར་ཡོད་པར་སྨོན།

  5. tenzin dawa Avatar
    tenzin dawa

    nice aja la

  6. ལེགས་སོ། Avatar
    ལེགས་སོ།

    ཨ་ཅེ་ལགས་ཀྱི་ཟིན་བྲིས་ལེགས་པོ་ཞིག་བཟོས་འདུག་པས་མཚམས་འདྲི་དང་བཅས་། རྗེས་སུ་རྩོམས་སྤུས་ལེགས་གང་མང་མིག་གི་ལོང་སྐྱོད་དུ་གནང་སྐྱོངས་ཡོང་བར་མཁྱེན་མཁྱེན།

  7. ཀླུ་སྨྱོན། Avatar
    ཀླུ་སྨྱོན།

    མུ་མཐུད་དེ་ཕྲིས། དྲ་ཚིགས་འཆི་གི་མ་འཇུག འདིའི་ཕྱོགས་ནས་ང་ལ་སློབ་སྦྱོང་བྱས་ན་འགྲིག་ཙམ་ཡོད།

  8. བཙུན་སྒྲ Avatar

    འཚམས་འདྲི་ཞུ

  9. jokme Avatar
    jokme

    ཐོག་མར་ཁྱེད་ཀྱི་དྲ་ཚིགས་ལ་རྟེན་འབྲེལ་ཞུ་བ་དང་ཆབས་གཅིག་ལ་ཁའི་ཉི་མ་བཞིན་འཇིག་བཞིན་པའི་བོད་རྩོམ་ཀྱི་དོ་རར་མཚར་སྡུག་གི་མེ་ཏོག་ཁྱེད་འདྲ་བ་བཞད་པ་ནི་གཞན་གྱིས་དྲིང་འཇོག་མི་དགོས་པའི་གཏམ་བཟང་ཞིག་ཡིན་པས་དགའ་ཡོད། ཅོག་རོང་གི་མྱི་ནས།

  10. tseten Avatar
    tseten

    acha lak tashi delek

  11. གཅན་འོད་འབར། Avatar
    གཅན་འོད་འབར།

    མདུན་ངོས་ཀྱི་རྣམ་པ་ཡག་གི ཉིད་ཀྱི་དྲ་ཚིགས་སྒོ་ཕྱེ་པར་རྟེན་འབྲེལ་ཞུ། ཞོར་ལ་དྲ་ཚིགས་ཀྱི་ཚེ་སྲོག་ནམ་ཡང་གསོན་དགོས་པ་ལས། བདག་མེད་དུ་མ་འཇོག

  12. རྟ་སྐུ་ངོ་ Avatar
    རྟ་སྐུ་ངོ་

    མུ་འཐུད་ནས་སྤེར་རོགས།ཐེངས་མང་ཡོང་ཀྱང་ལག་སྟོང་དུ་ཕྱིར་བུད་དགོས་ཐུག་བྱུང་།འདི་ལྟར་སྐྱུར་ནས་མ་འཇོག་ཡ།རེ་བ་ཡིན།

    1. Tsering kyi Avatar

      ཡ་ཡ་

      1. ཀུན་བཟང་ Avatar
        ཀུན་བཟང་

        བྲེལ་རྐྱེན་གྱིས་རྣམ་གཡེངས་སུ་སོང་དགོང་འགལ་མེད་པ་ཞུ་།

  13. ཨ་མདོ་བ། Avatar
    ཨ་མདོ་བ།

    ཡག་པོ་རེད། དྲ་རྩོམ་འདི་ཡིད་དུ་འོང་བ་ཞིག་རེད་འདུག ང་ནི་ཉིད་ཀྱི་ངོ་ཤེས་རྙིང་བ་ཞིག་མ་ཡིན་ནམ།

  14. རྒྱ་སྟོན་བསྟན་འཛིན་དགེ་རྒྱས། ཝཱཎ། Avatar
    རྒྱ་སྟོན་བསྟན་འཛིན་དགེ་རྒྱས། ཝཱཎ།

    ཚེ་རིང་ལགས་སུ། ཁྱེད་ཀྱི་བྱད་གཟུགས་ལྷ་མོ་དབྱངས་ཅན་མ་དང་གཉིས་མི་འདུག་ལ། ཁྱེད་ཀྱི་བོད་མི་རིགས་ལ་དུང་བའི་མི་རིགས་ཀྱི་ལ་རྒྱ་ནི་ཧེ་མ་ལ་ཡིའི་རི་བོ་བཞིན་ཧ་ཅང་གཏན་ཞིང་དཔངས་མཐོ། ཁྱེད་ཀྱི་དྲ་སྙན་གྱི་བོད་ལས་གསར་འགྱུར་བརྒྱུད་བསྒྲགས་སྐབས་དབྱངས་ཅན་མའི་དབྱངས་རྟ་ལ་རོལ་བཞིན་བོད་མི་རིགས་ཀྱི་བློ་ཁ་རུ་བོད་ཀྱི་གནས་སྟངས་ཉིན་རེ་བཞིན་བརྒྱུད་བསྒྲགས་གནང་བ་དེ་ནི་མི་རིགས་ལ་སྨན་པའི་ལེགས་སྐྱེས་ཤིག་རེད་སེམས། སྔར་བཞིན་འབད་བརྩོན་ཆུ་བའི་རྒྱུན་བཞིན་གནང་བར་ཚལ།

  15. ཚེ་མགོན། Avatar

    ཡག་པོ་རེད། གོང་ནས་གོང་དུ་འཕེལ་བར་ཤོག ང་ནི་ཉིད་ཀྱི་ངོ་ཤེས་རྙིང་བ་ཞིག་ཏེ། བོད་ཡིག་མཉེན་ཆས་གླིང་གི་དྲ་བདག་གོ bodyig.net

  16. tibetparkhang Avatar

    སློབ་གྲོགས་ལགས་དྲ་བ་ཡག་པོ་འདུག

  17. lhasacity01 Avatar
    lhasacity01

    དངོས་གནས་བོད་ནང་གི་བོད་མིའི་ཚོར་བ་གསོན་པོ་བརྗོད་འདུག བཀྲིན་ཆེ།

  18. 13716981773 Avatar

    སྐུ་ཁམས་བཟང་། ཉིད་ཀྱི་skypeཨང་གྲངས་དེ་གཅིག་གནང་རོགས། ངའི་ཨང་མིང་འདི་ཡིནtibetmonk8འདི་ཡིན་ལགས། ཞེས་རིན་སྤུངས་ཚུལ་བསྟན་ནས་

  19. རིན་སྤུངས་ཚུལ་བསྟན། Avatar

    སྐུ་ཁམས་བཟང་། ཉིད་ཀྱི་skypeཨང་གྲངས་དེ་གཅིག་གནང་རོགས། ངའི་ཨང་མིང་འདི་ཡིནtibetmonk8འདི་ཡིན་ལགས། ཞེས་རིན་སྤུངས་ཚུལ་བསྟན་ནས་

  20. Dol Avatar
    Dol

    hey do you have english translation ? I really want to reead wat you have wrote but I cant read Tibetan.

    1. Tsering kyi Avatar

      I m sorry

Leave a Reply