ཆར་སིམ་སིམ། དྲན་ལྷང་ལྷང་།
ཆར་བ་སིམ་སིམ་དུ་སྨུག་པ་ལྟ་བུའི་ན་བུན་ཁྲོད་དུ་འབབ་ཀྱིན་འདུག
ཁང་བརྩེགས་ཕྱི་རོལ་དུ་སྡོང་ལོར་སེར་ཤད་འདྲེས་པ་གཞི་ནས་དོ་སྣང་བྱུང་།
ཟླ་ཚེས་དང་དུས་ཚོད་ངོས་ཟིན་ཡང་དུས་ཡུན་ཅི་ཙམ་འགོར་བ་མི་དྲན་སར།
ལོ་ངོ་གཅིག་འདི་ལྟར་སོང་བ་ནི་གཙང་བོ་ཞིག་རི་ངོས་ནས་བཞུར་འདྲའི་སྐད་ཅིག་མ་ཞིག
ཁང་ཀླད་ནས་ད་དུང་ཡང་ཆར་རྡོག་རེ་གཉིས་རེར་ས་ངོས་སུ་ལྷུང་གིན
ལོ་མའི་ངོས་སུ་ཆར་ཐིགས་མུ་ཏིག་ལྟར་བཀྲ
རླུང་བུ་གཡུག་པ་ན་ལོ་མའི་ངོས་སུ་ཁྲ་ཆིལ་དགུ་ཆིལ་གྱི་འོད་ཅིག་འགུལ་གྱིན་གདའ
བྲག་རོང་ལྟ་བུའི་གྲོང་ཁྱེར་དུ
ལན་རེར་མེ་གསོད་རུ་ཁག་གི་དུང་བརྡ་རྣ་བར་གྲགས་ཡོང་ལ
བརྙན་འཕྲིན་ངོས་སུ་སི་ཨེན་ཨེན་གྱི་ལེ་ཚན་གང་དུ་སླེབས་པ་ཡང་དྲན་ངོས་སུ་མི་འདུག
མུན་པ་དང་མཉམ་དུ་གློག་འོད་ཀྱིས་རང་ཉིད་སྒེའུ་ཁུང་གི་ཤེལ་ངོས་སུ་མངོན་པར་བྱེད་དུས
ལྷིང་འཇགས་ཀྱི་ཁྲོད་དུ།
ཆར་སིམ་སིམ། དྲན་ལྷང་ལྷང་།
སྐྲ་ལོ་བཀྲུ་དགོས་མིན་བསམ་གཞིགས་བྱེད་ཀྱིན
ཁ་པར་ཀྱི་དྲིལ་བརྡ་རྣ་སྒོར་སླེབས
ཏག་ཏག་ཁ་པར་སྣེ་ཡི་གྲོང་ཁྱེར་དེ་རུ་ཡང་ཆར་བ་འབབ་ཀྱིན་འདུག་ཟེར
ཁ་པར་ནས། དེ་དགོང་ཆར་བ་སིམ་སིམ་འབབ་ཀྱིན་པས།
གང་ཞིག་དྲན་བཞིན་པ་མ་ངོས་པར་དྲན་ལྷང་ལྷང་གི་སེམས་ཚོར་ཆེ་ཟེར
དོ་དགོང་། ཁྱེད་ཡོད་སར་ཡང་ཆར་སིམ་སིམ། དྲན་ལྷང་ལྷང་ཨེ་རེད།
སྨུག་པ་དང་ཆར་བས་ང་ཚོར་སྨྲ་བསམ་བརྗོད་འདས་ཀྱི་གཏམ་རྒྱུད་རེ་བཤད་ཡོང་།
སྒྲོལ་མས་ཆུང་དུས་ཀྱི་རྩེད་རྭ་དྲན་སྲིད་ལ
དོན་གྲུབ་ཀྱིས་ཕོ་རྒོད་ཀྱི་བློས་གཏོང་དྲན་སྲིད
བདེ་སྐྱིད་ཀྱིས་ཨ་མའི་ངོ་གདོང་དྲན་བཞིན་ངེས་ལ
གཡང་མཚོས་ཕ་ཡུལ་གྱི་སྦྲ་གུར་དྲན་ངེས
བསྟན་འཛིན་གྱིས་ཡུལ་འཁྱམས་ཀྱི་གོ་རིམ་ལ་ཕྱིར་འདངས་རྒྱག་བཞིན་ངེས་ལ
ཟླ་བས་ཕ་ཡུལ་གྱི་ནམ་ཟླ་དྲན་གི་ཡོད་ངེས
ལྷ་མོས་མ་འགྲུབ་པའི་ཕུགས་བསམ་དེར་སེམས་ཀྱིས་རག་གིན་ཡོད་ངེས་ལ
འབྲུག་མོས་གེ་སར་ལྟ་བུའི་ཁྱོ་ག་ཞིག་དྲན་བཞིན་ཡོད་ངེས
ཆར་སིམ་སིམ། དྲན་ལྷང་ལྷང་།
གློག་སྤར་ཏེ་ཁྲུས་ཁང་དུ་བསྐྱོད།
མེ་ལོང་གི་ངོས་སུ་འཆར་སྣང་གི་རི་མོ་འབྲི་བའི་ངོ་གདོང་ལ་ཅེར་ཞོར
ལོ་མ་སེར་ཤད་འདྲེས་པས་ལོ་ཟླ་གཙང་བོ་ལྟར་བཞུར་བ་དྲན་པར་བཟོས་པས།
ཁེར་བཤད་རྒྱག་བཞིན་ཁོང་རྒོད་ཤོར
སྟོན་མཇུག་གི་མཁའ་རླུང་རྔུབས་ཆེད
ནུབ་ལྭ་གཡང་ཤམ་གྱིས་འཁྱམས་རྭར་འབྱོར་དུས
གྲོང་ཁྱེར་དང་མུན་པའི་བར་ན
གློག་གཞུའི་འོད་སྣང་གི་ངོས་སུ
ཆར་སིམ་སིམ།
སྐམ་མ་ཐག་པའི་སྐྲ་ལོ་རླུང་གིས་སྒུལ་ཤུལ་དུ
དྲན་ལྷང་ལྷང་།
༼ཁ་བྱང་གཡར་མ་ཡིན། ཡིན་ཡང་ཁ་བྱང་དེས་སྐབས་འདིའི་སེམས་ཀྱི་རི་མོ་མ་ལུས་མཚོན་ཐུབ༽
Leave a Reply