མེ་ལོང་ཆག་ཤུལ་དུ་རང་ཉིད་འཚོལ་བ།

མེ་ལོང་ཆག་ཤུལ་དུ་རང་ཉིད་འཚོལ་བ།

ལང་ཚོ་དང་མེ་ལོང་ཆག་སོང་བའི་ཤུལ་དུ

སྙིང་ཉེ་བའི་རྨི་ལམ་གྱི་སྣེ་རུ

བྱིས་དུས་ཀྱི་དྲན་ཞིང་དམར་པོར་སྒུལ་བར་བྱེད་པའི་གླུ་ངག་ཡོད་ལ

བྱིས་དུས་ཀྱི་རྩེད་ར་བསྐྱར་དུ་འཛུགས་པའི་ར་མ་རུས་ཅག་གི་མེ་ཏོག་ཡོད

བྱིས་དུས་ཀྱི་སེམས་པ་དྲོད་ཀྱིས་བསྐྱངས་པའི་མ་སྐད་དྭངས་མ་དེ་ཡང་གྲགས་ཀྱིན་ན

རྩྭ་ཐང་དང་སྦྲ་ཁྱིམ་ནས་ཡོང་བའི་སེམས་པ་འདིའི་ཕྱི་ནང་དྲོད་ཀྱིས་འཁྱིལ་ཡོད་པས

ལང་ཚོ་དང་མེ་ལོང་ཆག་སོང་བའི་ཤུལ་དུ

མཛེས་སྡུག་ལྡན་པའི་རྨི་ལམ་གྱི་ཁང་ཁྱིམ་ལྷག་ཏུ་མཛེས

བར་ཐག་ནི་རེག་བྱ་མེད་པའི་མཛེས་སྡུག་གི་མཇའ་ཚོན་ཞིག་ཡིན་ན

མི་ལ་ལས་དེ་ནི་བསླུ་བྲིད་ཀྱི་གཏམ་རྒྱུད་ཅིག་ཏུ་ཤོད

དྲ་སྣང་ནི་ཉལ་ས་མེད་པའི་སྟོང་སྣང་གི་ཁང་ཁྱིམ་གོར་མོ་ཞིག་ཡིན་པས

མི་ལ་ལས་དེ་ནི་ཆོ་འཕྲུལ་གྱི་གོ་རིམ་ཞིག་ཏུ་བརྩི

ཕྱོགས་ལྷུང་དང་འདྲ་མཉམ་མིན་པའི་ལྟ་ཚུལ་འདི་ལྟར་ན

འཆི་བ་ཡང་ང་ཚོ་དང་ཐག་ཉེ་སར་ཡོད་པ་མ་ཡིན་ནམ

ཚེ་སྲོག་ཀྱང་སྟོང་སྣང་གི་འཆར་ཡན་ཐེངས་གཅིག་མ་རེད་དམ

ལང་ཚོ་དང་མེ་ལོང་ཆག་ཤུལ་དུ

བར་ཐག་དང་དྲ་སྣང་གི་སྣེ་མོ་རུ

ངས་བསྐྱར་དུ་ཚེ་སྲོག་འདི་ཚོན་མདོག་སྔོན་པོས་འབྲི་བའི་་སྤྲོ་བ་ཞིག་རྙེད་ཅིང་

ངས་འཚོ་བ་ལ་ཁ་དོག་དམར་པོ་བྱུགས་པའི་མཛེས་སྡུག་ཅིག་རྙེད

ལང་ཚོ་དང་མེ་ལོང་ཆག་སོང་བའི་ཤུལ་དུ

གྲོང་ཁྱེར་དང་ཟང་ཟིང་གི་འཚོ་བས་ཚིམས་པར་བྱུང་ཡང་།

ང་ལ་ད་དུང་ཕ་ཡུལ་བོར་བའི་གཏམ་རྒྱུད་ཅིག་གི་སྐྱོར་གར་ཡོད་ལ

འདང་བརྩེ་ཞེས་པའི་མིང་ཚིག་ཅིག་གི་སྤྲང་བོ་ཡང་ཡིན་ན

དྲ་སྣང་གི་ཀློང་ཡངས་པོ་ནས

ཤ་དང་མཆིན་པར་བདེ་སྣང་སྟེར་བའི་ཐ་སྙད་དང་ཚིག་རུས་སྒྲིག་པ

མཁའ་འགྲོའི་ཚོགས་ཞིང་དུ་ལོངས་སྤྱོད་ཀྱི་མངའ་ཐང་དར་འདྲའི་སྤྲོ་སྣང་འདྲེན་ཐུབ

མེ་ལོང་དང་ལང་ཚོ་ཆག་སོང་བའི་ཤུལ་དུ

སྙིང་ཉེ་བའི་རྨི་ལམ་གྱི་སྣེ་རུ

རྐང་གླིང་གི་དབྱངས་རྟ་རི་ཚོགས་ཀྱི་ཕར་ནང་ནས་ང་ཡི་རྣ་སྒོར་ཡོང་གིན་ལ

ཨ་མྱེས་ཀྱི་གཏམ་རྒྱུད་ཀྱང་ལེའུ་རེ་རེ་བྱེད་དེ་བསལ་ཞིང་དྭངས་པས་བསྒྲགས་ཀྱིན་ན

གློག་དམར་འཁྱུག་ཤུལ་དང་། དྲག་ཆར་འབབ་ཤུལ་དུ། རླུང་བུ་གཡུག་ཤུལ་དུ།

ད་དུང་མེ་ལོང་དང་ལང་ཚོ་ཆག་སོང་བའི་ཤུལ་དུ

ངས་དྲ་སྣང་དང་རྨི་ལམ་གྱིས་བར་སྣང་དུ།

བདེ་སྐྱིད་ཀྱི་ལོངས་སྤྱོད་དེར་ཆོག་ཤེས་ཀྱིས་མཆོད་པ་གཙང་གཞེས་གནང་གིན་ཡོད

15 responses to “མེ་ལོང་ཆག་ཤུལ་དུ་རང་ཉིད་འཚོལ་བ།”

  1. དཀོན་མཆོག་བོད་རང་བཙན། Avatar

    རང་དབང་གི་ཁོར་ཡུག་ཅིག་ནས། དུས་ཚོད་དང་བར་སྣང་དབང་དུ་སྡུད་མཁན་ང་ཚོ་ཡིན་དགོས་ན། ང་ཚོའི་བསམ་གཞིག་གི་ཀློང་བརྟོལ་མཁན་གྱི་དཔའ་བོ་དེའང་ཕྱི་ཕྱིར་ང་རང་ཚོ་ཡིན་དགོས་སམ། རེ་སྐྱིད་རེ་སྡུག་གི་བསམ་གཞིག མ་འོངས་པའི་ཉི་ཤར་གྱི་རྩེ་མོ་རང་ཡིན་ན་ཅི་མ་རུང༌། ཡིན་ཡང༌། འདུ་ཤེས་གཞན་ཞིག་གི་དབང་གིས། ང་ཚོ་ནི་བསམ་གཞོག་སྣ་ཚོགས་ཀྱི་བྲན་གཡོག་མ་གཏོགས་བྱེད་མི་
    ནུས་པ་ཅི།

    1. Tsering kyi Avatar

      བསམ་གཞིགས་ནི་མི་ཞིག་གི་ཚེ་སྲོག་ལ་སྤྲོ་སྣང་འདྲེན་བྱེད་ཀྱི་བསྟན་བཅོས་གཞན་ཞིག་ཡིན་ན་ངས་ནི་དེའི་བྲག་གཡོག་ཏུ་མི་འདོད་ལ། ང་རང་དེའི་བསླུ་བྲིད་ལ་ཐེབས་པར་ཡང་མི་འདོད། མ་གཞི་ནས་མི་ཚེ་ཡང་བསླུ་བྲིད་ཀྱི་གཏམ་རྒྱུད་རིང་ཤོས་ཀྱི་ལེའུ་ཞིག་རེད།

      1. དབྱར་ཁབ་ཀུན་བཟང་། Avatar
        དབྱར་ཁབ་ཀུན་བཟང་།

        ཁྱོད་ཀྱི་སྙན་ངག་དག་རེ་རེ་བཞིན་བཀླགས་ཡིན། སེམས་ཚོར་འགུལ་བའི་གླུ་སྒྲས་ངའི་སྙིང་དབུས་སུ་འཕར་ལྡིང་གི་ཆགས་བསྐྲུན་སོང་། མུ་མཐུད་ནས་གསོན་ཤུགས་མི་ཉམས་པའི་རེ་བ་ཆེ།

      2. དབྱར་ཁབ་ཀུན་བཟང་། Avatar
        དབྱར་ཁབ་ཀུན་བཟང་།

        བ་ཆགས་བསྐྲུན་སོང་བཅོས།

  2. ཀླུ་སྨྱོན། Avatar
    ཀླུ་སྨྱོན།

    ཉེ་བའི་ཟླ་ཤས་རིང་སྙན་ངག་མ་ཁྱེད་ཀྱི་སྨྱུག་འོག་ནས་དེ་རིང་གི་འདི་ལྟ་བུའི་བཟི་ཁ་བཙན་ཞིང་སོ་ཁ་རྣོ་བའི་སྙན་ངག་ཡག་པོ་ཞིག་ཕལ་ཆེར་མ་མཐོང་ཐལ། དེ་རིང་གི་སྙན་ངག་འདི་ནི་ངོ་མ་ཁྱེད་ཀྱི་མཛེས་སྡུག་གིས་སྒེག་པའི་ལང་ཚོའི་རྦ་རླབས་བཞིན་གཅིག་འཇགས་གཉིས་འཕྱོའི་ལྟེབས་གཉེར་རེ་རེའི་བར་དུ་རྨི་ལམ་དང་སྒྱུ་མ། ལང་ཚོ་དང་འཆི་བ་སོགས་མི་ཚེ་ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་ཁྲ་ཁྲ་སིལ་སིལ་གྱི་གོ་རིམ་བསྒྲིགས་པའི་རི་མོ་སྣ་ཚོགས་ཀྱིས་སྐོམ་གདུང་དང་བཀྲེས་སྡུག་གིས་གཟིར་བའི་སྐྱེ་བོ་རེ་རེ་བཞིན་བླ་འཁྱར་ཞིང་སེམས་རྨས་པར་བྱེད་དོ།།

    1. Tsering kyi Avatar

      ཁྱེད་ཀྱིས་མ་མཐོང་བའམ་ཡང་ན་ཀློག་པ་པོས་མ་མཐོང་བའི་འབྲི་རྩོམ་ཁག་ཅིག་ད་དུང་ཕྱི་ལ་ཕུད་ཚད་མིན་པས། ལོ་ཟླས་ཁྱེད་ལ་ག་ལེར་འགྲེལ་བཤད་རྒྱག་ངེས། བཀྲ་ཤིས་བདེ་ལེགས

  3. gyatso Avatar

    hi

  4. Tsering kyi Avatar

    རྣམ་པ་ཚོ་ཟིན་བྲིས་སུ་ཕེབས་པར་བཀའ་དྲིན་ཆེ།

  5. རྩེ་སྐར། Avatar
    རྩེ་སྐར།

    བཀླགས་ཟིན།

  6. བསང་ཆུ་འབྲུག་བྷེ། Avatar

    ནུ་མོ། ངོ་མ་ཡིད་ཚིམས་པའི་སྙན་ངག་ཅིག་བྲིས་འདུག ཁྱེད་ཀྱི་ལང་ཚོ་དང་མེ་ལོང་ཆག་སོང་བའི་ཤུལ་ན་ནམ་ཡང་འོད་དུ་འཚེར་བའི་རྐང་རྗེས་ཤིག་མི་ཡུལ་ལ་ལྷང་ངེར་སྦར་ཡོད་པ་ཤེས་པར་གྱིས།

  7. ཡིད་བཞིན་སྒྲོལ་མ། Avatar
    ཡིད་བཞིན་སྒྲོལ་མ།

    སྙན་ངག་སྟོང་བའི་མྱ་ངམ་ཐང་དུ། ཆུ་མིག་དྭངས་མོའི་རོལ་བཅུད་ལ་མྱོང་བ་འདི་བརྗོད་པར་འདས་པའི་ཡིད་ཀྱི་བདེ་བ་ཞིག་རེད། བཀའ་དྲིན་ཆེ། སྨན་ཆུང་བུ་མོ

  8. Jacky Wang Avatar

    HAHA I LIKE WHAT YOU TALKED WITH LUNYUN HERUKA

  9. bupagley Avatar

    对着镜子原来自己的青春已被写进历史了,留下的只是憔悴的容颜,淡色的回忆!

    1. Tsering kyi Avatar

      我想每个人都一样!

  10. Black Snow Avatar
    Black Snow

    མེ་ལོང་དེ་ཆག་ཤུལ་ནས་ང་རང་ནམ་ཡང་སྟོང་ལྷང་ལྷང་ངང་བསྡད་འདོད་མེད་ཀྱང་། དུས་ཡུན་ཞིག་གི་རིང་སུ་ཞིག་གིས་ང་རང་འཛམ་གླིང་འདིར་འཁྲིད་ཡོང་པའང་མི་ཤེས། གང་ལྟར་སྐབས་རེ་འདས་ཟིན་གྱི་འཆར་སྣང་རེ་རེས་སྣང་ཡུལ་ལ་འཚང་ཁ་རྒྱག་པ་ནི་བཟོད་མི་ཐུབ་པ་ཞིག་རེད། དེའི་ཕྱིར་ཁྱེད་ཀྱིས་ཅི་ཞིག་དྲན་པ་ངས་གང་མཚམས་ཤེས་ཀྱི་འདུག བདེ་མོ་བྱོས།

Leave a Reply