བྱུ་རུའི་སྐྲ་འཛར།

image

དེ་ནི་སྤྱི་ལོ་༢༠༡༢ལོའི་ཟླ་བཅུ་བའི་ཉིན་ཞིག་ཏེ་སྟོན་མཇུག་གི་དུས་ཚིགས་ཀྱིས་གནས་གང་དུ་ཡང་དགའ་སྐྱོ་ཟུང་གི་ཚོར་བ་སྦྱིན་པའི་ཡུལ་ལྗོངས་ཀྱི་རྣམ་པ་མངོན་ཡོང་། རྒྱལ་ས་ཝ་ཤིན་ཀྲོན་ནས་ནེའུ་ཡོག་གྲོང་ཁྱེར་ལ་བསྐྱོད་སའི་གཞུང་ལམ་གྱི་གཡས་གཡོན་དུ་ངས་ཀྱང་གྲལ་ལྟར་རྒྱུགས་བཞིན་པའི་རླངས་འཁོར་འཚང་ཀའི་བར་ན་རྣམ་རིག་གཏད་ནས་ལམ་ཀར་ལྟས་ཤིང་ཡང་བར་བར་ནས་རླངས་འཁོར་རྒྱུགས་ཚད་ཇེ་དལ་དུ་འགྲོ་སྐབས། སྒེའུ་ཁུང་ལས་སྡོང་ལོ་ས་ལ་ཟགས་ཏེ་ལམ་ཆུང་གཡོག་པའི་རྣམ་པ་དང་སྡོང་ལོའི་ཁ་དོག་དམར་སེར་ཅན་ལ་འགྱུར་བའི་མཛེས་སྡུག་གི་རྣམ་པར་ལྟ་ཞོར་བྱས། སེམས་སུ་དུས་བཅད་བྱེད་པ་ལྟར་(མཁུར་ཚོས་དམར་པོ)ཞེས་པའི་དེབ་ཀྱི་ནང་དུ་གདམས་ཟིན་པའི་བོད་ཀྱི་བུད་མེད་ཅིག་ལ་བཅར་འདྲི་བྱེད་པའི་ས་གནས་དེར་ཏག་ཏག་སླེབས་ཐུབ་མིན་ལ་སེམས་འཚབ་ཀྱི་ངང་ཡོད།

ང་ནི་དུས་རྒྱུན་དུ་དོན་དག་ཅི་ཞིག་ཡིན་ཡང་འཆར་གཞི་འདེང་རྒྱུར་གཏན་ནས་མི་དགའ་ཞིང་ལྷག་དོན་དུ་མི་ཞིག་ལ་བཅར་འདྲི་བྱ་དགོས་ན་དེར་དྲི་བ་ཅི་ཞིག་འདྲི་འདོད་པ་གྲ་སྒྲིག་བྱེད་ན་གཏན་ནས་མི་འདོད་མཁན་ཞིག་ཡིན། ང་ཡང་ཐོག་མར་གསར་འགོད་ལས་རིགས་ལ་འཛུལ་དུས་སྐབས་སུ་གནས་ཚུལ་རྒྱུས་ལོན་ཆེད་མི་ལ་བཅར་འདྲི་བྱ་དགོས་པའམ་ཡང་ན་མི་ཞིག་གི་ལོ་རྒྱུས་ཐད་བཅར་འདྲི་བྱ་དགོས་པ། མདོར་ན་བཅར་འདྲི་རིགས་གང་ཞིག་ཡིན་ཡང་ཐོག་མ་ནས་རྒྱུས་ལོན་དང་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད། ཡིན་ན་ཡང་ལས་ཀ་བྱེད་པའི་རྒྱུད་རིམ་ཁྲོད་དུ།མི་ཞིག་ལ་རང་གི་མི་ཚེ་ལོ་རྒྱུས་ཐད་ནས་བཅར་འདྲི་བྱ་དགོས་ན་དེར་ཐོག་མར་དྲི་བ་སོགས་གང་ཡང་གྲ་སྒྲིག་མ་བྱེད་པར་ཆེས་སྤྱིར་བཏང་གི་གླེང་མོལ་ནས་མགོ་བཙུགས་ན་ཧ་ཅང་གིས་རན་པ་དང་ལྷག་དོན་དུ་སྤྱིར་བཏང་གི་ཁ་བརྡ་དང་མཉམ་དུ་སྐད་ཆའི་ནང་ནས་དྲི་བ་བཙལ་བཞིན་གླེང་མོལ་བྱེད་ན་མིའི་རང་བྱུང་ལྷན་སྐྱེས་ཀྱི་སེམས་ཁམས་བསྔོགས་ཐུབ་པའི་ཚོར་བ་ཞིག་བྱུང་ཡོད་པས། ཉིན་དེར་ཡང་ངས་ཉིན་དེར་ངའི་བཅར་འདྲི་བྱེད་སའི་བུད་མེད་དེར་དྲི་བ་སོགས་གང་ཡང་གྲ་སྒྲིག་བྱེད་མེད།

ཝ་ཤིན་ཀྲོན་ནས་ནེའུ་ཡོག་གི་བར་གྱི་གཞུང་ལམ་དུ་འཚང་ཀ་མེད་སྐབས་ཆུ་ཚོད་བཞི་ཙམ་ལས་མི་འགོར་ཡང་ཉིན་དེར་གཟའ་སྤེན་པ་ཡིན་པས་ལམ་བར་དུ་རླངས་འཁོར་གྱི་འཚང་ཁ་ཧ་ཅང་ཆེ། ཞོགས་པ་ཆུ་ཚོད་དགུ་ཙམ་ལ་ལམ་དུ་ཆས་ཀྱང་ཕྱི་དྲོ་ཆུ་ཚོད་བཞི་བ་ཙམ་ལ་གཞི་ནས་ནེའུ་ཡོག་གྲོང་ཁྱེར་དཀྱིལ་གྱི་དུས་ཀྱི་ཐང་ཆེན་དང་ཐག་ཉེ་བའི་་མགྲོན་ཁང་དེའི་སྒོ་མདུན་དུ་འབྱོར་ཐུབ་པ་བྱུང་། ཉིན་དེར་བསམ་བློ་བཏང་ན་གཞུང་ལམ་དུ་དེ་ཙམ་གྱི་མ་འགོར་ཡང་གྲོང་ཁྱེར་ནང་དུ་སླེབས་རྗེས་ལམ་མདོ་རེ་རེ་ནས་སྐར་མ་ཁ་ཤས་རེ་ལ་སྒུག་དགོས་བྱུང་བའི་སྐབས་དེའི་རྗེས་ལུས་ཐེབས་པའི་སེམས་འཚབ་དེ་ངོ་མ་བཤད་དཀའ་བའི་མནར་གཅོད་ཅིག་རེད།

ངའི་བཅར་འདྲི་བྱེད་སའི་བུད་མེད་དེའི་མིང་ལ་ཚེ་དབྱངས་ཟེར་ཞིང་། ནེའུ་ཡོག་ཏུ་ཡོད་པའི་སྐད་གྲགས་ཆེ་བའི་ཟ་ཁང་བདུན་གྱི་མ་རྩ་གཙོ་བོ་ཡོད་མཁན་ཞིག་ཡིན། ཁོ་མོ་རྒྱུན་དུ་བོད་ཀྱི་སྤྱི་ཚོགས་སུ་མཐོང་དཀོན་པོ་ཡོད་ལ་ཁོ་མོ་ངོ་ཤེས་མཁན་གྱི་བོད་མི་ཡང་ཉུང་ཉུང་ལས་མེད། ངས་ཀྱང་གྲོགས་པོ་ནང་མ་ཞིག་གི་གསང་ལམ་རྒྱུད་དེ་ཁོ་མོ་དང་ཁ་པར་ནས་འབྲེལ་བ་བྱུང་བ་ལས། དངོས་སུ་མཇལ་མ་མྱོང་མོད། གྲོགས་པོོ་ནང་མ་དེ་ཡིས་བརྗོད་ན་(མཁུར་ཚོས་དམར་པོ)ཡི་ནང་དུ་ཚེ་དབྱངས་ལགས་ལ་བཅར་འདྲི་བྱ་ཐུབ་ཚེ་བཟང་རབས་ཟེར་ལ། ཁོ་མོའི་མི་ཚེ་ནི་གློག་བརྙན་སྐད་གྲགས་ཅན་ཞིག་གི་འཁྲབ་གཞུང་ལས་ལྷག་པའི་མཚར་བོ་ཡོད་རབས་ཟེར།

ང་རང་ཐད་ཀར་ཚེ་དབྱངས་ལགས་ཀྱིས་ཁ་པར་ནས་འཕྲིན་ཐུང་སྐུར་ཡོད་པའི་མགྲོན་ཁང་དེའི་ནང་གི་ཁང་བའི་སྒོ་བྱང་བཙལ་ནས་སོང་ལ། མགྲོན་ཁང་དེ་ནི་ཕལ་ཆེར་སྐར་མ་ལྔ་ཅན་ཞེས་མི་རྣམས་ཀྱིས་ཚད་འཛིན་སའི་མགྲོན་ཁང་དེ་འདྲ་ཞིག་རེད། མགྲོན་བསུའི་ཐང་ཆེན་ནི་གཞི་རྒྱ་ཆེ་ལ་ཞབས་ཞུ་བ་རྣམས་ནི་ཆེད་ལས་ཀྱི་རྣམ་པ་མངོན་འདདུག ད་དུང་ང་ཚེ་དབྱངས་ཀྱི་སྤྲད་ཡོད་པའི་མགྲོན་ཁང་གི་ཐོག་བརྩེགས་༢༨ལ་གློག་སྒམ་ནས་བསྐྱོད་སྐབས། གློག་སྒམ་དེ་མགྲོན་ཁང་གི་དཀྱིལ་དུ་ཡོད་ཅིང་མགྲོན་ཁང་དེ་གློག་གི་སྐས་སྒམ་གྱི་མཐའ་རུ་མ་ཎི་འཁོར་ལོ་ལྟར་བཟོ་བསྐྲུན་བྱེད་འདུག

ང་ཚེ་དབྱངས་ཀྱི་སྒོ་མདུན་དུ་འབྱོར་མ་ཐག གློ་བུར་དུ་སེམས་སུ་དགའ་རོགས་ཞིག་ལ་ཐུག་དགོས་དུས་ཀྱི་དངངས་སྐྲག་དང་འཚེར་སྣང་ཆེ་ཡང་ཐུག་འདོད་ཀྱི་མདུན་པ་ཆེ་བའི་ཚོར་བ་ཞིག་བྱུང་བས། ག་ལེར་སྒོ་འགྲམ་གྱི་ཅོང་བརྡ་མནན་པ་ན། ཡུན་ཙམ་མགོར་རྗེས་སྒོ་ཕྱེ་བྱུང་། ཐོག་མར་ངས་མཐོང་བ་ནི་ཚེ་དབྱངས་ལགས་ཀྱི་ལྷམ་མགོ་རེད། ལྷམ་མགོ་ལྗང་ནག་འོད་འཁྱུག་འཁྱུག་ཅན་ཞིག་གྱོན་འདུག་ལ། དེ་ནས་མགོ་བོ་ཡར་བཀྱགས་པ་ན་ཁོ་མོའི་མཛེས་སྡུག་གིས་ང་ཡི་བླ་སྒུལ་འདྲ་བྱུང་ལ། བསམ་དབང་དྲན་དབང་མེད་པ་ལྟ་བུར་གྱུར། ངས་རང་གི་ཉིན་དེའི་རྣམ་འགྱུར་དྲན་ཡོང་ན་ད་ལྟ་ད་དུང་ཡང་ཁོང་རྒོད་ཤོར་འགྲོ་མོད། ཁོ་མོས་ལག་པ་གཅིག་གི་སྒོ་ལུང་ལ་འཇུས་ཤིང་ལག་པ་གཅིག་གིས་ང་རང་ནང་དུ་བསུས་བྱུང་། ཁོ་མོས་ང་ལ་(ལམ་བར་ནས་དཀའ་ལས་ཆེ་སོང་ངམ)ཞེས་དྲིས་པ་དང་ལག་འཇུ་བྱས་བྱུང་། ངས་གཞི་ནས་རང་ཉིད་ཆུ་ཚོད་གཅིག་ཙམ་གྱིས་རྗེས་ལུས་ཐེབས་པའི་ནོངས་འགྱོད་དེ་དྲན་ནས། (གཟའ་མཇུག་ཡིན་པས་རླངས་འཁོར་འཚང་ཁ་ངོ་མ་ཆེ་ཀི། ང་རང་ཆུ་ཚོད་གཅིག་ཙམ་གྱིས་རྗེས་ལུས་ཐེབས་སོང་བས་ངོ་མ་དགོངས་དག་ཞུ། )ཞེས་ལན་བཏབ་པ་ན། (བསམ་ཤེས་བྱ་ཐུབ་ལ། ངས་སྔོན་ནས་ཚོད་དཔག་ཀྱང་བྱེད་ཡོད། སྐྱོན་མེད། )ཅེས་བཤད་རྗེས་ང་ལ་འབོལ་གདན་དུ་སྡོད་པའི་ལག་བརྡ་བཏང་ཞིང་ཁཱོ་ཧྥེ་བཟོ་སའི་ཕྱོགས་སུ་འཁོར་ནས། ཁཱོ་ཧྥེ་འཐུང་དགོས་མིན་དྲིས་བྱུང་། ངས་ཀྱང་དགོས་པའི་ལན་བཏབ་པ་ཡིན། ཁོ་མོས་ཁཱོ་ཧྥེ་བཟོ་ཞོར། ཉིན་ཧྲིལ་བོར་ཁོ་མོར་ལས་འཆར་གང་ཡང་མེད་པ་བཟོས་ཤིང་ཐུག་འཕྲད་འདི་མགྲོན་ཁང་དུ་གོ་སྒྲིག་བྱེད་དོན་ཡང་ལྷིང་འཇགས་ཁུ་སུམ་གྱི་མགྲོན་ཁང་དུ་གཞན་གྱིས་བར་ཆད་གཏོང་མི་སྲིད་པ་སོགས་འགྲེལ་བརྗོད་བྱེད་སོང་། ཁོ་མོའི་སྐད་རྣམས་དབུས་སྐད་ཡིན་པ་གང་ཞིག་ལ་དབུས་པ་ལྷད་མེད་པ་ཞིག་མིན་པ་ཡང་སྐད་ཆའི་ཟ་ཟུར་ནས་མངོན་ཡོང་།

ཚེ་དབྱངས་ཀྱིས་བཤད་པ་ལྟར་མགྲོན་ཁང་དེ་ཧ་ཅང་ལྷིང་འཇགས་རེད་ལ། ཁང་མིག་རྣམས་ཀྱང་ཆེ་ཞིང་ནུབ་གླིང་གི་དུས་དེབ་སོགས་སུ་བཀོད་པའི་དེང་རབས་ཀྱི་ནང་ཆས་རྣམས་ལྟར་གྲལ་དག་ཅིང་བཟོ་དབྱིབས་མཛེས་པ། ཁྲ་ཁྲ་ཟིང་ཟིང་མེད་པར་བརྗིད་ཉམས་ལྡན་པ་ཞིག་རེད།

ཚེ་དབྱངས་ཀྱི་ཁཱོ་ཧྥེ་བཟོ་བའི་རིང་ལ་ངས་ཁོ་མོར་རྒྱབ་ཕྱོགས་ནས་ལྟ་སྐབས། ཕལ་ཆེར་ལོ་ན་༣༥ཡས་མས་ཙམ་ཞིག་རེད་ལ། ལྷམ་མགོ་ལྗང་ནག་དེ་ལས་གཞན་ལུས་ཧྲིལ་བོར་ནུབ་གླིང་གི་དེང་རབས་གྱོན་ཆས་ནག་པོ་ཞིག་གིས་གཡོག་འདུག་ལ་ངས་དོ་སྣང་བྱུང་བ་ལ་ཁོ་མོའི་སྐྲ་ལོ་རྣམས་ལྟག་མགོའི་མཐོ་སར་གཅིག་ཏུ་སྒྲིལ་འདུག་ལ་དངུལ་དང་བྱུ་རུའི་ཁྲ་ཅན་གྱི་སྐྲ་འཛར་གཅིག་གིས་བརྒྱན་འདུག ངའི་བསམ་བློའི་ནང་དུ་སྐྲ་འཛར་དེ་ལ་ངེས་པར་དུ་གཏམ་རྒྱུད་ཅིག་ཡོད་ངེས་པར་ངོས་འཛིན་བྱེད། སྐེད་ཚིགས་རིང་ཞིང་གཟུགས་གཞི་དྲང་ལ་དེ་ལས་ཀྱང་གཟུགས་པོའི་ཚོ་ཚད་དེ་གྲོང་ཁྱེར་བུད་མེད་ཚོས་ཉིན་མཚན་མེད་པར་ལུས་རྩལ་སྦྱང་ནས་སྐམ་རིད་ཀྱི་མདོག་མི་མངོན་པའི་གཟུགས་པོ་ཚད་ལྡན་དེ་ཚོ་དང་གཅིག་མཚུངས་རེད་འདུག

ཁོ་མོས་ང་ལ་ཁཱོ་ཧྥེ་བཏུང་སྣོད་ཁྱེར་ནས་མདུན་དུ་བཞག་རྗེས།ང་དང་ཁ་གཏད་དུ་འབོལ་གདན་སྟེང་བསྡད་བྱུང་། སྐབས་དེར་ངས་གཞི་ནས་སེམས་ལྷོད་ལ་བབ་ནས་ཚེ་དབྱངས་ཀྱི་ངོ་གདོང་ཧྲིལ་བོར་ཞིབ་ལྟ་ཞིག་བྱས་པཡིན།  ཁོ་མོའི་ངོ་གདོང་ལ་བྱུག་རྫས་ཁ་དོག་ཅན་གཅིག་ཀྱང་བྱུག་མི་འདུག་ལ་ཧ་ཅང་གིས་རང་བྱུང་ཡིན་པ་མ་ཟད། ངོ་གདོང་གི་སྐྱི་ལྤགས་ལ་བོད་ཡུལ་གྱི་བོད་མི་སྤྱི་ལྟར། ཉི་མར་ཐག་ཉེ་ཞིང་རླུང་ལ་བརྟེན་ནས་ལྤགས་པའི་ནང་དུ་ནག་ཐིགས་འགའ་རེ་ཡོད་པ་གསལ་བོར་མཐོང་ལ། མིག་གི་ཀྲིག་ཀ་ནི་ད་ལྟའི་དུས་ཚོད་ལ་ཀོ་རི་ཡ་དང་ཉི་ཧོང་གི་བུད་མེད་ཚོས་ཉེན་ཁར་མ་འཛེམས་པར་བཤག་བཅོས་ཀྱིས་བཟོ་བཞིན་པའི་ཀྲིག་ཀ་དེ་ཚོ་ལྟར་གསལ་ཞིང་ཆེ་ལ། མིག་གི་འོད་མདངས་ནི་བུད་མེད་གཞོན་ནུ་མ་ཞིག་གི་མིག་འོད་ལྟར་ཧ་ཅང་དྭངས། དེ་ལས་ཀྱང་ངོ་གདོང་གི་དབྱིབས་ནི་གོར་རྒྱུ་མེད་ལ་ནར་རྒྱུ་མེད་པ་ཞིག་རེད། ནུབ་ལྭ་ནག་པོ་དེ་ནི་སྐད་གྲགས་ཆེ་བའི་བཟོ་དབྱིབས་འཆར་འགོད་དང་གྱོོན་ཆས་ཀྱི་མིང་བྱང་ཆེ་བ་ཅན་ཞིག་ཡིན་པ་ང་རང་ཉིད་གྱོན་ཆས་ལ་དོ་སྣང་ཡོད་པ་ལས་ཤེས་བྱུང་ལ། གྱོན་པ་འདི་རིགས་མངོན་གསལ་དོད་པོའི་ཁྱད་པར་མེད་ཀྱང་བབ་ཆགས་པ་གང་ཞིག་ལ་བུད་མེད་ཀྱི་ལུས་ཀྱི་མཛེས་པ་དང་དབྱིབས་ཡོད་ཚད་ག་ལེར་གསལ་བོར་མཐོང་ཐུབ་པའི་རིགས་དེ་རེད།  ལཱ་བ་ནག་པོའི་ནང་གི་ཁོ་མོའི་སྐེད་དང་ངོ་གདོང་གི་ཤ་མདངས་ནི་བཅུད་ལྡན་བདེ་ཐང་གི་རྣམ་པ་མངོན་ཞིང་ཁ་མིག་གྲལ་འགྲིག་ཅིང་མཛེས་སྡུག་ཡིད་དབང་འཕྲོག་ཀྱང་། མཛེས་པ་ལྐོག་ཏུ་སྤས་ཏེ་ཆེས་སྤྱིར་བཏང་གི་རྣམ་པ་སྟོན་ཐབས་བྱེད་པའི་་གྱོན་ཆས་དང་རྣམ་འགྱུར་དེ་ཚོ་་ངོ་མ་ཡིད་དབང་འཕྲོག་པ་ཞིག་འདུག

ངས་ཁོ་མོའི་ངོ་གདོང་ལ་ཞིབ་ལྟ་བྱེད་བཞིན་པའི་སྐབས་སུ་ཁོ་མོ་ཅུང་དགོད་ཙམ་གྱི་སྐད་གདངས་ཀྱིས། གྲོགས་པོ་ནང་མ་དེ་ཡིས་བརྗོད་ན་ཁྱེད་མཛེས་མ་ཞིག་ཡོད་ཟེར་ནས་ཡང་ཡང་བཤད་མྱོང་བས། ལྟོས་ཡོང་ན་ཁོས་བཤད་པ་ནོར་མེད་ཀི་ཟེར། ང་རང་ཅུང་ངོ་ཚ་བའི་ཉམས་ཀྱིས། ཁོས་བཤད་ན་ཁྱོད་མཛེས་མ་ཡོད་ཟེར་མོད། ངས་ལྟོས་ན་ཁྱོད་མཛེས་མ་ཙམ་མ་རེད་འདུག ཁྱེད་ཀྱི་གྱོན་པ་སོགས་ལ་ལྟོས་ཡོང་ན་ཁྱེད་ལ་རང་གི་རང་གཤིས་ཡོད་པའི་མཛེས་མ་ཞིག་རེད་འདུག་ཅེས་བཤད་པ་ཡིན།

དེ་ནས་གཏམ་མགོ་གླེང་བ་ཡིན། ཚེ་དབྱངས་ལགས་ཨ་མེ་རི་ཀར་ག་དུས་ཡོང་བ་ཡིན་ན། ཞེས་དྲིས་བ་ན། ཚེ་དབྱངས་ཀྱིས་ད་ཁྱེད་ཀྱི་བཅར་འདྲི་མགོ་བཙུགས་པ་ཡིན་ནམ་ཟེར། ངས་འཛུམ་ཙམ་བྱས་པ་ཡིན།

སྐབས་དེར་ཚེ་དབྱངས་འབོལ་ལྡན་ལས་ཡར་ལངས་ཏེ་ཁང་བའི་ཕྱེད་ཀ་ཤེལ་སྒོ་ཡིན་པའི་ཕྱོགས་སུ་བསྐྱོད་ཞོར། ཤེལ་སྒོ་ལ་གདོང་གཏད་དེ། ང་ལ་གཏམ་རྒྱུད་འདི་འདྲ་ཞིག་བཤད་བྱུང་། (མུ་འགོད)

One response to “བྱུ་རུའི་སྐྲ་འཛར།”

  1. Pearl Avatar
    Pearl

    ཚེ་རིང་སྐྱིད། ང་ཡང་གང་ཞིག་ལ་ཁྲིད་སོང་། མུ་འགོད་དེ་གང་མགྱོགས་མཇལ་ཐུབ་པར་སྨོན། མུ་ཏིག་གིས།

Leave a Reply