ཚེ་དབྱངས་ཀྱིས་ཁང་མིག་གི་ཕྱེད་ཀ་ཤེལ་གྱི་བཟོ་བཀོད་ལས་གྲུབ་པའི་ངོས་ཀྱི་དྲ་ཡོལ་ཕར་འདེད་ཚུར་འདེད་ཙམ་བྱས་ཏེ། མིག་གིས་ནེའུ་ཡོག་གྲོང་ཁྱེར་གྱི་བྲག་རོང་ལྟ་བུའི་ཁང་བརྩེགས་ཀྱི་ཐང་ཆེན་ལ་ཕྱོགས་ནས་བརྗོད་རྒྱུར། (ངས་ད་ལྟའི་བར་དུ་སུ་ཞིག་གི་བཅར་འདྲི་དང་ལེན་བྱེད་མ་མྱོང་ལ། སུ་ཞིག་ལ་ཡང་ཉིན་མཚན་ཁ་ཤས་ལ་ཕྱིར་དྲན་བྱས་ཏེ་བརྒྱུད་ཟིན་པའི་མི་ཚེ་བཤུལ་ལམ་དེ་བརྗོད་འདོད་ཀྱི་གྲ་སྒྲིག་བྱས་མ་མྱོང་། ངས་རང་གིས་བརྒྱུད་པའི་མི་ཚེའི་གཏམ་རྒྱུད་དེར་ཁ་དོག་སྦྱོར་ན་མི་འདོད་ལ། གལ་ཏེ་བཤད་དགོས་ན་བདེན་པ་དང་དྲང་པོ་དེ་བཤད་ན་འདོད། ཡིན་ན་ཡང་ཁྱེད་ཀྱིས་ཤེས་གསལ་ལྟར་བུད་མེད་ཅིག་དང་ལྷག་དོན་དུ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་སྐད་ཆ་བདེན་པ་ནི་བུད་མེད་ཀྱི་མི་ཚེ་ཧྲིལ་བོའི་རིན་ཐང་དང་འབྲེལ་བ་ཆགས་ཡོད་པས། སྐད་ཆ་བདེན་པར་ཉན་མི་ཤེས་པའི་མི་ཚོའི་མིག་མདུན་ལ་རང་ཉིད་གོང་ཆུང་དུ་བཟོས་པ་ལས་མེད་པས། ངས་ད་ལྟ་བར་དུ་ངག་བསྡམས་ནས་ཡོད།) ངས་ལན་ཅི་ཞིག་འདེབས་དགོས་མིན་མ་ཤེས་པར་ཚེ་དབྱངས་ཀྱི་ལྟག་རྒྱབ་ལ་ཅེར་ནས་བསྡད་སྐབས། ཁོ་མོས་ཧ་ཅང་རྣོ་བའི་མིག་ཟུང་གིས་ང་ལ་ཅེར་བཞིན། (བུད་མེད་ལ་མཚོན་ན་གསང་བ་ལྐོག་གྱུར་ནི་མི་ཚོས་མཛེས་སྡུག་ལ་ལྟ་བའི་ལུགས་སྲོལ་ཡོད་པ་ལྟར། བདེན་པ་ནི་ནམ་ཡང་ནུས་མེད་ཡིན་པ་ཁྱེད་ཀྱིས་ཀྱང་ཤེས་ངེས་པ་རེད། )ཅེས་བརྗོད་བྱུང་།
ཚེ་དབྱངས་ནི་རིག་གནས་གསར་བརྗེ་བོད་ཁམས་སུ་འབྱུང་བཞིན་པའི་སྐབས་སུ་མདོ་ཁམས་མི་ཉག་ཕྱོགས་ཀྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཁོ་མོ་སྐྱེས་ཏེ་ཟླ་གཅིག་ལས་མ་སོང་བའི་སྐབས་སུ། འབྲོག་སྡེ་དེའི་འཐབ་རྩོད་རུ་ཁག་གིས་ཁོང་ཚང་གི་དུད་ཁྱིམ་ཡོད་སར་དུ་བ་བར་སྣང་ལ་མཆེད་པ་མཐོང་ནས་གསང་བསོལ་བྱེད་པའི་ཉེས་སྐྱོན་འོག སྐབས་དེར་ལོ་ན་༣༠ལས་བརྒལ་མ་ཐག་པའི་ཚེ་དབྱངས་ཀྱི་ཨ་ཕར་འཐབ་རྩོད་བྱས་པ་དང་། མཐར་ཁོང་ལ་གསང་གསོལ་ནི་རྨོངས་དད་དང་རྙིང་ཞེན་ཡིན་པ་དང་། བསང་གསོལ་དང་མཆོད་འབུལ་ནི་གསར་བརྗེ་ལ་ངོ་ལོག་བྱེད་པའི་བྱ་སྤྱོད་ཡིན་པ་མང་ཚོགས་ཀྱི་མདུན་ནས་ངོས་ལེན་གཏམ་བཤད་བྱ་དགོས་པ་མ་ཟད། མ་ཎི་བཏོན་པར་འཐབ་རྩོད་བྱེད་སའི་སྡེ་བའི་རྒན་རྒོན་ཁག་ཅིག་ལ་འཐབ་རྩོད་བྱ་དགོས་པའི་བཙན་དཀའ་བཏང་བ་སོགས། མཐར་ཚེ་དབྱངས་ཀྱི་ཨ་ཕས་རང་སྲོག་རང་གིས་བཅད་དེ་དགོང་མོ་དེ་ནས་ཁྱིམ་དུ་ཕྱིར་ལོག་མེད་པ་ཚེ་དབྱངས་ཀྱི་ཨ་མའི་ངག་རྒྱུན་ལས་གོ་བ་དང་། དེ་ནས་བཟུང་ཚེ་དབྱངས་ཀྱི་་ཨ་མས་རྟ་ཟོག་སེམས་ཅན་འཚོ་སྐྱོང་གི་ཞོར་དུ་ཚེ་དབྱངས་གཉོར་སྐྱོང་བྱས་ཏེ་བསྐྱར་དུ་གནས་ལ་མ་སོང་བར་ཁེར་འདུག་བྱས་ཡོད་འདུག ཚེ་དབྱངས་ཀྱིས་བསམ་ཤེས་ཐུབ་པ་ནས། མཚན་མོ་རེ་རེར་སྒོ་ཁྱིའི་ཟུག་སྐད་དང་ཨ་མའི་ངུ་ཤུམ་ནི་རང་གི་ལང་ཚོ་ལ་འགྲོགས་པའི་སྐྱོ་གདུང་གི་གླུ་དབྱངས་ཤིག་དང་འདྲ་འདུག ཚེ་དབྱངས་ཀྱིས་ལོ་ན་༤༠བརྒལ་ཙམ་གྱི་རང་གི་ཨ་མ་ནི་ལོ་༦༠ལས་བརྒལ་བའི་རྒན་མོ་ཞིག་གི་རྣམ་པ་མངོན་པ་མཐོང་ཞིང་། དཀའ་ཚེགས་ཀྱི་ལོ་ཟླས་ཁེར་འདུག་གིས་གཉོར་སྐྱོང་གནང་བའི་ཚེ་དབྱངས་གཉོམ་ལོག་རྒྱས་ཏེ་ལང་ཚོ་སྨིན་པ་དང་ཨ་མའི་ལང་ཚོ་ཚེ་དབྱངས་ཀྱིས་འཕྲོག་པ་ལྟར་ཨ་མ་ནི་ཉིན་རེ་ནས་ཉིན་རེར་རྒུད་ཅིང་གང་ཡིན་མི་ཤེས་པའི་ནད་ཀྱིས་མནར་བ་སོགས། མཐར་ཚེ་དབྱངས་མོ་ལོ་༡༤ལ་སོན་སྐབས། ཨ་མའི་རེ་བ་དངམཉམ་དུ་འབྲོག་སྡེ་དེའི་ཁྱིམ་མི་འགའ་ཞིག་ལ་འགྲོགས་ནས་སྟོད་ཉི་མ་ལྷ་སའི་ཇོ་བོར་མཇལ་དུ་ལམ་ལ་ཆས་འདུག ཨ་མའི་རེ་བ་ལྟར་དུ། ཚེ་འདིར་རང་གི་ཁྱོ་བོའི་རྣམ་ཤེས་དང་འགྲོགས་ནས་ཉི་མ་ལྷ་སའི་ཇོ་བོར་ཐེངས་གཅིག་མཇལ་རྒྱུ་ནི་ཚེ་འདིའི་མཐར་ཐུག་གི་འདོད་བློ་ཡིན་པ་ལྟར། ཚེ་དབྱངས་དང་ཨ་མ་གྲོས་བྱས་ཏེ་སྒོ་ཕྱུག་སེམས་ཅན་རྣམས་བཙོངས་པའི་དངུལ་རྣམས་ཁྱེར་ནས་སྟོད་ཉི་མ་ལྷ་སར་རྐང་ཐང་གིས་བསྙེགས་ཡོད་འདུག
ལམ་བར་ནས་ཨ་མ་ནད་ཀྱིས་མནར་ཏེ་རྐང་ཐང་དུ་འགྲོ་ཐབས་མ་བྱུང་བས། ཚེ་དབྱངས་ལོ་ན་ཆུང་བས་ཨ་མ་རྒྱབ་ལ་ཁུར་འདོད་ཀྱང་སྡེ་མི་སེམས་བཟང་ཚོས་ཚེ་དབྱངས་ལ་རོགས་བྱས་ཏེ་ཨ་མའི་གཡས་གཡོན་ནས་སྐྱོར་ཏེ་མ་བུ་གཉིས་ལམ་བར་དུ་མ་གཡུག་པར་ཟླ་ཕྱེད་ཙམ་ལ་ཡོང་བའི་དགོང་མོ་ཞིག་ལ། ཁོ་ཚོས་ན་ཐང་ཞིག་ནས་ཇ་བསྐོལ་ཏེ་ངལ་གསོ་བའི་སྐབས། གྲང་ངར་ལ་གཡོལ་ཆེད་དཔྱིད་ཀར་ལམ་ལ་ཆས་པའི་དབུས་མཇལ་བ་ཚོ་ཉིན་གང་གི་ངལ་དུབ་ཁྲོད་གཉིད་དུ་ཡུར་བ་དང་། ཚེ་དབྱངས་ཀྱང་ངལ་དུབ་ཀྱིས་མནར་ནས་གཉིད་དུ་ཡུར་བཞིན་པའི་སྐབས། གློ་བུར་དུ་ཚེ་དབྱངས་ཀྱི་ཨ་མས་ཚེ་དབྱངས་ཀྱི་མགོ་བོར་བྱིལ་བྱིལ་བྱེད་ཞོར། ཚེ་འདིར་ཁྱོ་བོའི་རྣམ་ཤེས་དང་འགྲོགས་ནས་ཇོ་བོར་མཇལ་བར་བསོད་ནམས་མེད་པ་དང་། ཚེ་དབྱངས་ཀྱིས་ཕ་མའི་རྣམ་ཤེས་དང་མཉམ་དུ་དབུས་ཇོ་བོར་མཇལ་བའི་ངག་གདམས་སོགས་གནང་ཞོར་དགོང་མོ་དེར་ཚེ་དབྱངས་ཀྱི་ཨ་མ་གཏན་དུ་འཇིག་རྟེན་དང་ཁ་བྲལ་འདུག སྡེ་མི་སེམས་བཟང་ཚོས་ཨ་མའི་ཕུང་བོ་དུར་འཇུག་བྱས་པ་དང་། ཁོ་མོས་ཀྱང་ཨ་མའི་ངག་གདམས་དང་མཐོང་མ་མྱོང་བའི་ཨ་ཕའི་རྣམ་ཤེས་རང་དང་འགྲོགས་པའི་ཡིད་ཆེས་བརྟན་པོ་དང་་མཉམ་དུ་མུ་མཐུད་ནས་དབུས་ལམ་བསྙེགས་ཡོད་འདུག
ཚེ་དབྱངས་ཀྱིས་བརྗོད་ན་རང་གི་གཟུགས་གཞིའི་ནང་དུ་འདྲེས་པའི་མཐོང་མ་མྱོང་བའི་ཨ་མའི་སྣང་བརྙན་ཞིག་སེམས་སུ་བཞེངས་བསྐྲུན་བྱ་རྒྱུ་ལས་ཚེ་འདིར་ཨ་ཕའི་འདྲ་པར་ཞིག་ཀྱང་མཐོང་མྱོང་མེད་པ་དང་། ཆུང་དུས་ཨ་མ་རང་གི་ཨ་མ་ཡིན་ལ་ཨ་ཕའི་ཚབ་ཀྱང་ཡིན་པ་མ་ཟད། ཁྱིམ་གྱི་རྟེན་ས་ཁོ་ན་དང་རང་གི་རྒྱབ་རི་ཁོ་ན་དེ་ཡིན་ཡང་གློ་བུར་དུ་ཨ་མ་གཤེགས་པ་ཡིས་སེམས་སུ་གདུང་བ་དྲག་པོ་ཤིག་སྐྱེས་ཀྱང་། ཆོས་ལ་དད་པའི་སེམས་ཀྱི་ཡིད་ཆེས་བྱེད་སྟངས་ཤིག་དང་། སྡེ་མི་ཚོའི་བྱམས་སྐྱོང་དང་ལྟ་སྐྱོང་གིས་ཚེ་དབྱངས་སྔར་བཞིན་སྙིང་སྟོབས་ཆེན་པོས་མདུན་དུ་བསྐྱོད་ཡོད་འདུག
སྟོད་ཉི་མ་ལྷ་སར་འབྱོར་ནས་དབུས་ཇོ་བོའི་གསེར་ཞལ་མཇལ་བ་དང་། ལྷ་སའི་མཐའ་སྐོར་གྱི་གནས་ཆེན་དགོན་ཆེན་ཧྲིལ་བོར་ཕྱག་མཆོད་འབུལ་གྲུབ་སྟེ་ཕྱིར་ཕ་ཡུལ་ལ་ལོག་འགྲོ་བའི་ཉིན་ཤས་སྔོན་ལ། དབུས་རོགས་སྡེ་མི་ཚོས་གྲོས་མོལ་བྱས་ཏེ་ཚེ་དབྱངས་ཕྱིར་ཕ་ཡུལ་དུ་སོང་ཡང་། ཁྱིམ་དུ་ཆགས་ས་རྟེན་ས་གང་ཡང་མེད་པ་དང་། ད་དུང་ལོ་ན་ཡང་ཆུང་ཆུང་ཡིན་པས། དབུས་ཉི་མ་ལྷ་ས་ནས་ཕ་མའི་རྣམ་ཤེས་དང་འགྲོགས་ནས་ཕྱག་མཆོད་འབུལ་བྱེད་ཞོར་འཚོ་བ་རོལ་བ་ཡིན་ན་བཟང་རབས་བཤད་པ་དང་། ཡུལ་ཕྱོགས་ཀྱི་ཚོང་བ་ཁག་ཅིག་གིས་ཀྱང་ཚེ་དབྱངས་ལ་རོགས་བྱས་ཏེ་བུ་རྫིའི་ལས་ཀ་ཞིག་བཙལ་ཡོད་འདུག
ཚེ་དབྱངས་ཀྱིས་ཀྱང་སྡེ་མི་སེམས་བཟང་ཚོའི་ཁ་ཏ་སློབ་གསོར་ཉན་ཏེ། བོད་མི་ཚོའི་སེམས་ཀྱི་དག་ཞིང་ཉི་མ་ལྷ་ས་ནས་འཚོ་བ་རོལ་ཐུབ་ན་ཕྱི་མའི་ཡུལ་གྱི་ཕ་མའི་འདོད་པ་ཡང་ཡིན་ངེས་པ་དང་། རང་ཉིད་ཀྱིས་ཀྱང་ཕ་མའི་ཆེད་དུ་སེམས་པ་ཆོས་ལ་ཕྱོགས་ཐུབ་པའི་བསམ་བློ་བཏང་ནས་མུ་མཐུད་དེ་ལྷ་སར་སྡོད་རྒྱུའི་ཐག་གཅོད་བྱས་འདུག
ཚེ་དབྱངས་ཀྱི་བུ་རྫི་བྱེད་སའི་མི་ཚང་དེ་ནི་ལྷ་སའི་གསོལ་མགྲོན་ཁང་ཞིག་གི་སྦྱིན་བདག་ཡིན་པ་དང་། སྦྱིན་བདག་མ་ནི་མདོ་སྨད་ནས་ཡོང་བའི་བུད་མེད་གཞོན་ནུ་མ་ཞིག་ཡིན་ཞིང་སྦྱིན་བདག་ནི་ཚེ་དབྱངས་ཀྱི་ཕ་ཡུལ་ཕྱོགས་ནས་ཡོང་བའི་ལོ་ན་བཞི་བཅུ་ལས་བརྒལ་ཙམ་ཞིག་ཡིན་འདུག ཚེ་དབྱངས་ཀྱི་ལས་ཀ་ནི་ལོ་དགུ་ཡིན་པའི་ཁོ་གཉིས་ཀྱི་བུ་དང་ལོ་ན་བདུན་ལ་སོན་པའི་བུ་མོ་གཉིས་ཀྱི་གྱོན་པ་བཀྲུ་རྒྱུ་དང་སྔ་དགོང་གི་ཟ་མ་བཟོ་རྒྱུ། སློབ་གྲྭར་ཕར་སྐྱེལ་ཚུར་སྐྱེལ་བྱ་རྒྱུ་བཅས་ཡིན་འདུག
ཚེ་དབྱངས་ཀྱིས་རང་གི་མི་ཚེའི་གཏམ་རྒྱུད་བཤད་དེ་བར་མཚམས་འདིར་སླེབས་སྐབས། ངས་ཀྱང་ཁོ་མོའི་གཏམ་རྒྱུད་ལ་ཉན་ཞོར། ཡར་ལངས་ནས་ཁོ་མོའི་འཁྲིས་སུ་སོང་ཞིང་། ཡང་ཕར་སོང་ནས་འཚིག་ཇ་བཟོ་སྣོད་ནས་ཁོ་མོར་འཚིག་ཇ་ཁ་སྣོན་བྱེད་པ། ཡང་ཁོ་མོ་དང་མཉམ་དུ་མཚམས་རེར་རྒྱང་ལ་བལྟས་ཤིང་། ལན་རེར་ཁོ་མོས་བཤད་པའི་སྐད་ཆའི་བརྒྱུད་རིམ་ཁྲོད་ནས་དབུས་ལམ་ནས་ཨ་མ་འདས་གྲོངས་སུ་གྱུར་པའི་སྐོར་གྱི་སྐད་ཆ་བཤད་སྐབས་ཁོ་མོའི་མིག་ཟུང་ན་མཆི་མ་མེད་ཀྱང་། སྐད་མགོ་ཇེ་དམའ་དང་སྐད་ངག་འདར་བཞིན་པ་སོགས། ཚེ་དབྱངས་ཀྱིས་རང་གི་སྐྱོ་བའི་མི་ཚེ་དེ་མིག་ཆུ་མེད་པར་བཤད་བཞིན་ཡོད་ཀྱང་། ངའི་སྣ་ཤ་ལ་ཚ་བེར་བེར་གྱི་ཚོར་བ་ཡང་ཡང་དུ་སྐྱེས་པ་མ་ཟད། ད་དུང་མིག་ཀོང་ལ་མཆི་མ་ཡང་ཡང་འཁྱིལ་བྱུང་སྟེ། དེ་ནི་གཅིག་བྱས་ན་ངས་ཀྱང་རང་གི་ཕ་མ་གཉིས་དྲན་པ་དང་། ཕ་མ་གཉིས་དང་མཉམ་དུ་བྱིས་དུས་སྟོད་ཉི་མ་ལྷ་སར་ཆས་པ་སོགས་ཡིད་ལ་འཁོར་བས་ཡིན་སྲིད།
ངས་སྒང་ནས་བྲིས་པའི་ཚེ་དབྱངས་ཀྱི་གཏམ་རྒྱུད་མདོར་འབྲི་བྱེད་པ་ནི་ཚེ་དབྱངས་ཀྱི་མི་ཚེ་ལ་འགྱུར་བ་དངོས་སུ་བྱུང་བའི་བརྒྱུད་རིམ་ངོ་མཚར་ཅན་དེ་ད་དུང་རྗེས་སུ་ཡོད་པས་ཡིན། ངས་ཕྱིར་དྲན་བྱེད་པ་ལས། ཚེ་དབྱངས་ཀྱིས་གཏམ་རྒྱུད་བཤད་དེ་འདིར་སླེབས་སྐབས། ཁོ་མོས་ལག་ནང་གི་འཚིག་ཇ་བཏུང་ཆས་ཕར་བཞག་སྟེ། ངའི་ལག་ཟུང་ནས་འཇུས་ཏེ། (ཁྱེད་ལ་དེ་རིང་དང་སང་ཉིན་ཉིན་གཉིས་རིང་ངའི་གཏམ་རྒྱུད་ཉན་ཁོམ་ཡོད་པས། ངས་ཁྱེད་ལ་ག་ལེར་བཤད་ཆོག དུས་ཚོད་ཀྱང་སྔ་རྒྱུ་མེད་པས། འུ་གཉིས་ཁང་བའི་ཀླད་ཁེབས་སུ་ཡོད་པའི་ཚ་ཆུའི་ནང་དུ་ངལ་གསོ་བྱ་བར་འགྲོ) ཞེས་བརྗོད་པ་དང་། ཁོ་མོས་ཁ་པར་ལེན་ཞོར་ང་ལ་དགོངས་པ་མ་ཚོམ་ཟེར་ཞོར། མི་ཞིག་དང་གླེང་མོལ་སྐར་ཆ་ཁ་ཤས་ཙམ་བྱས་བྱུང་། ཁོ་མོའི་དབྱིན་སྐད་ཀྱི་སྒྲ་གསལ་ཞིང་དག་ལ་ཕར་བལྟས་ན་མི་ཞིག་ཚུར་མགྲོན་ཁང་འདིར་ཡོང་བར་དུས་ཚོད་ཅིག་བཟོ་བཞིན་འདུག
མགྲོན་ཁང་གི་ཀླད་ཁེབས་སུ་ཆུ་རྫིང་དབྱིབས་མི་འདྲ་བ་མང་ཞིང་། མཐའ་ཚང་མ་ཤེལ་གྱིས་གྲུབ་པ་དང་ཀླད་ཁེབས་སྟོང་པ་ཡིན་པས་ཐད་ཀར་ཤེལ་སོགས་ཀྱིས་མ་བསྒྲིབས་པར་ནམ་མཁའ་མཐོང་ཐུབ། ཚེ་དབྱངས་ཀྱིས་ངོ་ཚ་དང་འཛེམ་ཟོན་མེད་པར་བྱང་ཆ་ཡོད་པའི་ཐོག་ནས་གྱོན་པ་རྣམས་ཕུད་དེ་ཆུ་རྫིང་ལ་འཛུལ་བྱུང་ལ། ཁོ་མོའི་གཟུགས་སྐྱེས་ནི་ངས་གྱོན་པའི་ཕྱི་ཁེབས་ནས་ཚོད་དཔག་བྱས་པ་ལྟར་དུ་ཕྲ་ས་ཕྲ་ཞིང་སྦོམ་ས་སྦོམ་པ། དེ་ལས་ཀྱང་བདེ་ཐང་གི་ཤ་མདོག་སོགས། མདོར་ན་ང་བུ་མོ་ཞིག་ཡིན་ཡང་ཡིད་སེམས་འཕྲོག་པ་ཞིག་འདུག ང་ཡང་འཚེར་འཚེར་འཛེམས་འཛེམས་གྱིས་ཁོ་མོའི་རྗེས་དེད་ནས་ཆུ་རྫིང་དུ་འཛུལ་བ་ཡིན། ངེད་གཉིས་འཛུལ་སའི་ཆུ་རྫིང་དེར་མི་གཞན་མི་འདུག་ལ། འཁྲིས་ཀྱི་ཆུ་རྫིང་དེ་དག་ཏུ། ལོ་ན་རྒན་གཞོན་འདྲ་མིན་དང་སྐྲ་ལོ་སེར་ནག་འདྲ་མིན་ཁྱུ་དང་ཁྱུ་བྱས་ཏེ་ཤེལ་ཕོར་དབྱིབས་འདྲ་མིན་ནང་དུ་ཁ་དོག་མི་འདྲ་བའི་བཏུང་བྱ་འདྲ་མིན་ལག་ཏུ་བཟུང་ནས་སྐད་ངག་དམའ་མོས་གླེང་མོལ་བྱེད་ཞིན་འདུག རྗེས་སུ་ཤེས་དུས་ངེད་གཉིས་འཛུལ་སའི་ཆུ་རྫིང་དེ་ཚེ་དབྱངས་ཀྱིས་སྔ་མོ་ནས་ཉིན་ཧྲིལ་བོར་གླས་ཡོད་པ་དང་། ངེད་གཉིས་ཆུ་རྫིང་དུ་འཛུལ་ནས་སྐར་མ་ཁ་ཤས་རྗེས་སུ་མགྲོན་ཁང་གི་ལས་མིས་་སིལ་ཁུ་དང་ཤིང་ཏོག རྒུན་ཆང་གི་བཏུང་བ་སོགས་ཁྱེར་ནས་ཐོན་བྱུང་། ཆུ་རྫིང་དེ་ནི་ཆུ་ལྷོག་ལྷོག་ཏུ་འཁོལ་བཞིན་པ་ལྟར་ལུས་ཧྲིལ་བོར་ཆུ་ཡིས་བསྐུ་མཉེད་བྱེད་བཞིན་པ་དང་འདྲ་ལ། ནམ་མཁར་ལྟ་བཞིན་མཁའ་དབུགས་རྔུབ་ཐུབ་པ་སོགས་་ངོ་མ་སྣང་བ་སྐྱིད་པོ་ཞིག་རེད།
ངས་ཚེ་དབྱངས་ལ་ཁྱེད་ཀྱིས་བུ་རྫི་བྱེད་སའི་ཁྱིམ་ཚང་དེ་ནས་དཀའ་ལས་འདྲ་མྱངས་བྱུང་ངམ། ཞེས་དྲིས་པ་ན། ཚེ་དབྱངས་དགོད་ཙམ་གྱིས་ང་ལ་ལྟ་ཞོར། ལག་ཟུང་གིས་མར་ལྷོད་ནས་ཡོད་པའི་ངའི་སྐྲ་ལོ་རྣམས་མགོ་བོའི་ལྟག་རྒྱབ་ཏུ་ཁོ་མོའི་སྐྲ་ལོ་ལྟར་བཟོས་རྗེས། ཆུ་ཚ་བོའི་ནང་དུ་སྐྲ་ལོ་བརླན་ན་མི་བཟང་ཟེར་ལ། ཡང་ཁོ་མོས་མདུན་ཀྱི་དབུགས་སྒང་གི་རྣམ་པའི་མདུན་ཅོག་ལྟ་བུ་བཟོས་ཡོད་པ་དེ་ཆུ་ཁར་གཡེང་བཞིན་པའི་སྟེང་དུ་བཏུང་བྱ་སྣ་ཚོགས་ཡོད་པ་ལས། རྒུན་ཆང་དམར་པོ་ཞིག་ཚུར་ལེན་ཞོར། བསྐྱར་དུ་ང་ལ་གཏམ་རྒྱུད་འདི་འདྲ་ཞིག་བཤད་བྱུང་།
ཚེ་དབྱངས་ལྷ་སར་ཡོང་བའི་ལོ་དེ་མོ་ལོ་བཅུ་བཞིར་སོན་ཙམ་ཡིན་པ་དང་།་ སྤྱི་ལོ་༡༩༨༤ལོ་རེད་འདུག ལྷ་སའི་ཕྱག་མཆོད་འབུལ་ཡོངས་རྫོགས་གྲུབ་སྟེ་སྡེ་མི་ཚོ་ཕ་ཡུལ་དུ་ལོག་པ་དང་ཚེ་དབྱངས་ཀྱིས་བུ་རྫི་བྱེད་པའི་ལས་ཀ་མགོ་འཛུག་སྐབས་ནི་དབྱར་མགོ་ཡིན་པ་རེད། ཚེ་དབྱངས་ནི་གཤིས་ཀ་འཇམ་ཞིང་།། ངང་རྒྱུད་རིང་བ། བག་ཡོད་ཚུལ་ལྡན་དང་།དྲང་པོ་དང་མངོན་ལྐོག་མེད་པ། རྫུན་དང་གཡོ་མེད་པ་སོགས་གྲོང་ཁྱེར་གྱི་ཟོག་རྫོབ་མིག་གིས་མ་མཐོང་ཞིང་། འབྲོག་པའི་རྩྭ་ཐང་ནས་དུས་བཞིའི་འགྱུར་བའི་ཁྲོད་ཀྱི་རང་བྱུང་གི་མཛེས་པ་དང་ནོར་ལུག་འཚོ་སྐྱོང་། ཨ་མའི་བྱམས་བརྩེ་དང་སྡེ་མོ་ཚོའི་ལྟ་སྐྱོང་འོག་འཚར་ལོངས་བྱུང་བ་ཡིན་པས། སྦྱིན་བདག་ཕོ་མོ་གཉིས་ཀྱིས་ཀྱང་ཚེ་དབྱངས་ཀྱིས་བྱིས་པ་གཉིས་ལ་བདག་སྐྱོང་ཡག་པོ་བྱེད་པ་དང་མཉམ་དུ། སྦྱིན་བདག་བཟའ་མི་གཉིས་ཀྱི་འཚོ་བའི་ཁྲོད་ཀྱི་ངན་གཤིས་མང་པོར་བསྒྱུར་བཅོས་བཏང་བ་སོགས་ཀྱིས་ཚེ་དབྱངས་ལ་དམིགས་བསལ་གྱིས་ནང་མི་ཞིག་གི་ཚུལ་དུ་བརྩིས་ཤིང་ཚེ་དབྱངས་ཀྱི་མ་འོངས་པའི་མི་ཚེ་སོགས་ལ་སེམས་ཚེགས་བྱས་པ་དང་། ཡང་མགྲོ་སོང་བཏང་ནས་ཚེ་དབྱངས་ལ་ཁྱིམ་དུ་རྒྱ་ཡིག་དང་བོད་ཡིག་གི་འབྲི་ཀློག་སློབ་པའི་དགེ་རྒན་གླས་པ། ད་དུང་སྦྱིན་བདག་མས་ཆེད་དུ་ཚེ་དབྱངས་ཁྲིད་དེ་རིན་གོང་མཐོ་བའི་གྱོན་ཆས་ཉོ་བ་སོགས། ཚེ་དབྱངས་ཀྱིས་སྦྱིན་བདག་ཕོ་མོ་གཉིས་ཀྱི་འཁྲིས་ནས་ནང་མིའི་བྱམས་བརྩེ་ལྟ་བུའི་ཚོར་བ་ཞིག་མྱངས་འདུག ཚེ་དབྱངས་ཀྱིས་སྐད་ཆ་འདི་ཚོ་བཤད་སྐབས་ངོ་གདོང་དུ་འཛུམ་གྱིས་ཁེངས་ཤིང་། སྐད་ངག་ལས་ད་དུང་ཡང་སྦྱིན་བདག་བཟའ་ཚང་གཉིས་ཀྱི་བཀའ་དྲིན་དྲན་པ་ལྟ་བུའི་ཚོར་བ་སྤྲོད་ཐུབ། ཚེ་དབྱངས་ལ་མཐོ་སྒང་གི་འབྲོག་མོ་རྫི་གླུ་ལེན་མཁན་སྤྱི་ལྟར་སྐད་ངག་བདེ་བོ་ཡོད་པ་དང་དམངས་ཁྲོད་ཀྱི་ལ་གཞས་དང་རོགས་འཐེན། ད་དུང་གླུ་སོགས་མང་པོ་ལེན་རྒྱུ་ཡོད་པས། ནམ་རྒྱུན་སྦྱིན་བདག་བཟའ་ཚང་གཉིས་ལ་སྐུ་མགྲོན་གལ་ཆེན་འདྲ་ཡོད་དུས་ཚེ་དབྱངས་ཀྱི་སྐད་ངག་ཁོ་ཚོ་ངོམས་སོ་བྱེད་པར་གོམས་འདུག ཚེ་དབྱངས་ཀྱིས་ཁྱིམ་ཚང་དེ་རུ་བུ་རྫི་བྱས་པ་དང་ཡང་ན་གླ་བ་བྱས་ཏེ་ལོ་གསུམ་འགོར་སྐབས། བྱིས་པ་གཉིས་ཀྱིས་ཀྱང་ཁོ་མོར་ཧ་ཅང་གིས་བརྩེ་ཞིང་། ལན་རེར་ཕ་མ་ལས་ཀྱང་ཁོ་མོར་དུང་དུང་བྱེད་པ་དང་། ཡང་སྦྱིན་བདག་བཟའ་ཚང་གཉིས་ཀྱང་དེ་བཞིན་དུ་ཁྱིམ་གྱི་གནས་ཚུལ་ཅི་ཡིན་སྦ་གསང་མེད་པར་ཚེ་དབྱངས་ལ་བཤད་པ་སོགས་ལོ་ངོ་གསུམ་གྱིི་ནང་དུ་སྦྱིན་བདག་བཟའ་ཚང་གཉིས་གསོལ་མགྲོན་གསུམ་ཙམ་གྱི་སྦྱིན་བདག་ཏུ་གྱུར་འདུག
དུས་ཚོད་ཅི་ཙམ་འགོར་བ་མི་དྲན་མོད། སྐབས་འདིར་ངས་འཕྲོ་རིམ་འཕྲོར་རྒུན་ཆང་དཀར་པོ་ཤེལ་ཕོར་གཉིས་ཙམ་བཏུང་འདུག་ལ། ཚེ་དབྱངས་ཀྱིས་ཀྱང་མུ་མཐུད་ནས་བཏུང་ཞོར་བཤད་ཞོར་བྱེད་བཞིན་འདུག ངས་ཚེ་དབྱངས་ཀྱི་གཏམ་སྣེ་འཕྲོགས་ཏེ། ལོ་ངོ་གསུམ་གྱི་ལྷ་སའི་འཚོ་བའི་ཁྲོད་དུ་ཁྱེད་ཀྱི་བོད་ཡིག་དང་རྒྱ་ཡིག་གི་ཤེས་ཚད་གང་འདྲར་གྱུར་སོང་། འབྲོག་ཁུལ་ནས་ལྷ་སར་ཡོང་ནས་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་བྱུང་དུས། ཁྱེད་ལྷ་སའི་འཚོ་བ་ལ་ཇི་ལྟར་གོམས་ལོབས་སུ་སོང་ངམ། ཞེས་དྲིས་པ་ན། ཁོ་མོ་བསྐྱར་དུ་དགོད་ཙམ་གྱིས། ཁྱེད་རང་ལ་ཆེད་ལས་ཀྱི་ན་ཚ་ཡོད་ས་ཨེ་རེད། གཏམ་གཅིག་ཀྱང་ཤོར་དུ་མི་མཇུག་ཅེས་ཀུ་རེ་རྩོད་ཞོར་ངའི་ཕྱོགས་ལ་ཆུ་རྫིང་ལས་ལག་པ་གཅིག་གིས་ཆུ་ཡི་ཟེགས་མ་འགའ་གཏོར་བྱུང་ལ། ང་ཡང་དགོད་ཙམ་བྱེད་ཞོར་མུ་མཐུད་ནས་ཁོ་མོའི་གཏམ་རྒྱུད་ལ་ཉན་པ་ཡིན།
སྦྱིན་བདག་ཕོ་མོ་གཉིས་ནི་ཚེ་དབྱངས་ལྟར་འབྲོག་ཁུལ་ནས་ཡོང་བ་དང་། ལྷ་སར་འཚོ་བ་རོལ་ཏེ་ལྷ་སར་གཞི་ཆགས་ཡོད་ཀྱང་། འབྲོག་པའི་བསམ་སྤྱོད་དང་ཡ་རབས་ཀྱི་གོམས་གཤིས་ཚང་བས། ཚེ་དབྱངས་ལ་འགྲོ་སྟངས་འདུག་སྟངས། སྐྱེས་གཟུགས་དང་ངོ་གདོང་ལ་གཅེས་སྤྲས་གནང་སྟངས། མི་ལ་སྐད་ཆ་བཤད་སྟངས་དང་སྲང་ལམ་ལ་འགྲོ་སྟངས། རླངས་འཁོར་སྐོར་སྟངས་དང་ཐ་ན་གྱོན་པ་གྱོན་སྟངས་ལ་སོགས་པ་བསླབས་པ་དང་། དེ་བཞིན་ཐོག་མ་ལོ་ངོ་གཉིས་ཙམ་ལ་སྦྱིན་བདག་བཟའ་ཚོ་གཉིས་ཀྱི་བཀའ་དྲིན་འོག་ཁྱིམ་དུ་དགེ་རྒན་གྱིས་བོད་ཡིག་དང་རྒྱ་ཡིག་གི་འབྲི་ཀློག་སྦྱངས་རྗེས། དེའི་རྗེས་ཉིན་སློབ་ལ་མཉམ་ཞུགས་དང་ད་དུང་བརྙན་འཕྲིན་སོགས་ལས་རྒྱ་སྐད་སྦྱང་བ་སོགས་ཀྱིས་མཐར་རྒྱ་སྐད་བཤད་ཐུབ་པ་མ་ཟད། བོད་ཡིག་གི་འབྲི་ཀློག་ལ་ཡང་དཀའ་ངལ་མེད་པར་གྱུར་པ་དང་།་གང་ཅིའི་ཐད་ནས་བསམ་ཡུལ་ལས་འདས་པ་ལྟར་དཀའ་ངལ་སོགས་གང་ཡང་མེད་པར་འཚོ་བ་བརྗེ་བསྒྱུར་དེར་ཞུགས་འདུག ཡིན་ན་ཡང་ཚེ་དབྱངས་ཀྱི་ན་ཚོད་དར་བ་དང་མཉམ་དུ་རང་གི་མི་ཚེ་ཇི་ལྟར་སྐྱེལ་མིན་དང་ཡང་ན་འཁྲིས་ཀྱི་མི་ཚོའི་བརྩེ་དུང་གི་རེ་བ་རྒྱག་སྟངས་སོགས་ཀྱིས་ཚེ་དབྱངས་ཀྱིས་ཀྱང་རང་གི་མི་ཚེ་དོན་ངོ་མ་ཇི་ལྟར་སྐྱེལ་མིན་ཐད་ལ་བསམ་བློ་གཏོང་མགོ་བཙུགས་ཡོད་འདུག
མཚན་མོ་དེ་ནི་ཚེ་དབྱངས་་ཀྱི་མི་ཚེ་ལ་དངོས་སུ་འགྱུར་ལྡོག་བྱུང་བའི་མཚན་མོ་ཞིག་ཡིན་འདུག སྦྱིན་བདག་བཟའ་ཚང་གཉིས་དང་འགྲོགས་ནས་རྒྱུན་ལྡན་ལྟར་སྐུ་མགྲོན་གལ་ཆེན་ཁ་ཤས་ལ་ཚེ་དབྱངས་ངོ་སྤྲོད་ཞུ་སྲོལ་ཡོད་པ་ལྟར། སྦྱིན་བདག་བཟའ་ཚོ་གཉིས་ཀྱི་གསོལ་མགྲོན་ཁང་གསར་བ་ཞིག་གི་སྒོ་འབྱེད་མཛད་སྒོའི་སྟེང་དུ། ཚེ་དབྱངས་ཀྱིས་སྐུ་མགྲོན་ཚོར་འབྲོག་པའི་གླུ་ཡིས་ལེགས་སྐྱེས་ཤིག་ཕུལ་བ་དང་མཚན་མོ་དེར་པེ་ཅིན་ནས་སྲིད་གཞུང་གི་དབང་འཛིན་མི་སྣ་ཞིག་ངོ་ཤེས་པ་དང་། ཚེ་དབྱངས་ཀྱི་ལང་ཚོ་དང་སྐད་ངག་སོགས་ནི་གསོ་སྐྱོང་བྱ་འོས་པར་བསྟོད་བསྔགས་སྣ་ཚོགས་ཀྱིས། མཐར་ཚེ་དབྱངས་པེ་ཅིན་སྒྱུ་རྩལ་སློབ་གླིང་དུ་ལྟ་སྐྱོང་ཐོབ་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཞེས་སློབ་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་འདུག ཚེ་དབྱངས་ཀྱིས་བརྗོད་ན་དགོང་མོ་དེར་སྦྱིན་བདག་བཟའ་ཚོ་གཉིས་ཚེ་དབྱངས་ལས་ཀྱང་དགའ་སྣང་གིས་མིག་གཞུང་ན་མཆི་མ་འདུག་ཟེར།
ཉིན་ཤས་ལས་མ་འགོར་བར་པེ་ཅིན་སྒྱུ་རྩལ་སློབ་གླིང་གི་བརྡ་ཐོ་འབྱོར་ཞིང་། ཚེ་དབྱངས་ལོ་ན་༡༧ལ་སླེབས་ཀྱང་སློབ་གླིང་གི་སྒོ་ཐེམ་འགྲིམས་མ་མྱོང་བས། སློབ་ཆེན་ཟེར་བའི་འཚོ་བ་དང་། སྒྱུ་རྩལ་ཟེར་བའི་ཐ་སྙད་འདི་ཚོའི་སྐོར་གང་ཡང་མི་ཤེས་ཀྱང་། གང་ལྟར་སྦྱིན་བདག་བཟའ་ཚོ་གཉིས་ཀྱི་ལམ་རྫོངས་དང་། གོམས་པར་གྱུར་པའི་བྱིས་པ་གཉིས་ཀྱི་ངུ་ངག་གི་ཁྲོད་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ལམ་ལ་ཆས་འདུག
སྦྱིན་བདག་བཟའ་ཚོ་གཉིས་ཀྱི་གོ་སྒྲིག་ལྟར་གནམ་གྲུ་མཐོང་མྱོང་མེད་པའི་ཚེ་དབྱངས་རིན་གོང་མཐོ་ལ་འཛིན་བྱང་རག་ཁག་པའི་གོང་དཀར་གནམ་ཐང་བརྒྱུད་དེ་པེ་ཅིན་ལ་བསྐྱོད་པ་དང་། ཚེ་དབྱངས་ཀྱི་ཚིག་གཡར་ནས་བཤད་ན། གོང་དཀར་གནམ་ཐང་ནས་པེ་ཅིན་དུ་འབྱོར་བའི་རྗེས་སུ་གཞི་ནས་ཚེ་དབྱངས་ཀྱིས་རྨི་ལམ་མ་ཡིན་པར་ཉིན་ཤས་ནང་དུ་རང་ཉིད་ལྷ་ས་ནས་པེ་ཅིན་ལ་འབྱོར་ཞིང་། དབང་འཛིན་མི་སྣ་དེའི་གོ་སྒྲིག་ལྟར་པེ་ཅིན་གྱི་གནམ་ཐང་ནས་སློབ་གྲྭར་ཕེབས་བསུ་བྱེད་མཁན། ད་དུང་སློབ་གྲྭ་དེའི་ནང་དུ་རང་ཉིད་དང་ལོ་ན་ཉམས་ཀྱང་བློ་རིག་དང་རིག་རྩལ་མ་འདྲ་བ་ལྡན་པའི་སློབ་མ་མང་བ་ཡོད་པ་སོགས་ནི་རྨི་ལམ་ལྟ་བུའི་འཁྲུལ་སྣང་ལྟ་བུ་ཞིག་ཏུ་གྱུར་ཡོད་འདུག སློབ་གྲྭའི་ནང་དུ་རང་ཉིད་ལ་སློབ་མའི་ལག་ཁྱེར་དང་ཡང་ན་སྒྱུ་རྩལ་ཆེད་ལས་ཐད་ཀྱི་མིང་ཚིག་སོགས་གང་ཅིའི་ཐད་བྱང་ཆ་གང་ཡང་མེད་པས། དོན་ངོ་མ་སློབ་ཆེན་དེ་ནས་ཅི་ཞིག་བྱ་དགོས་མིན་ལ་སེམས་ཁྲལ་ངང་ཡོད་སྐབས། དགེ་རྒན་ཁག་ཅིག་གིས། ཚེ་དབྱངས་ཀྱི་སྐད་ངག་དང་གཟུགས་བྱད་ལ་ཡིག་རྒྱུགས་ལྟ་བུ་ཞིག་བླངས་པ་དེའི་རྗེས། ཁོ་མོར་བྲོ་འཁྲབ་པའི་སློབ་ཚན་གཅིག་དང་། སྐད་ངག་སྦྱོང་བའི་སློབ་ཚན་གཉིས་གོ་སྒྲིག་བྱས་པ་དང་། གཞན་རྒྱ་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་བའི་སློབ་ཚན་ཞིག་ཀྱང་གོ་སྒྲིག་གནང་འདུག སློབ་ཁྲིད་མགོ་མ་བཙུགས་པའི་གོང་ལ། གཞུང་འཛིན་དཔོན་རིགས་དེའི་གོ་སྒྲིག་ལྟར་དུ། གནམ་ཐང་དུ་ཕེབས་བསུ་ལ་ཡོང་མཁན་གྱི་རླངས་འཁོར་ཁ་ལོ་བ་དེ་དང་མི་གཞན་ཞིག་ཡོང་ནས། ཁོ་མོ་པེ་ཅིན་གྱི་གྲོང་ཁྱེར་དུ་ལྟ་སྐོར་ལ་ཁྲིད་པ་དང་། གྱོན་ཆས་དང་སློབ་གྲྭའི་འཚོ་བའི་མཁོ་ཆས་སོགས་ཉོས་ཏེ་ཉིན་ཤས་ལ་དེ་ལྟར་པེ་ཅིན་གྱི་གནམ་གཤིས་དང་གྲོང་ཁྱེར་ལ་རྒྱུས་མངའ་ཡོད་པར་བྱས་འདུག
ཚེ་དབྱངས་ཀྱིས་བརྗོད་ན་སྐབས་དེ་དུས་ནི་རང་ཉིད་གང་ཡང་མི་ཤེས་པའི་གླེན་མ་ཞིག་དང་འདྲ་བས། མཐོང་མཐོང་རིག་རིག་ཚང་མར་འཚར་སྣང་གིས་གྲུབ་པའི་དྲི་བ་སྟོང་ཕྲག་མང་པོ་ཀླད་པར་འཁོར་ཞིང་། ཡང་ངག་རྒྱུན་གྱི་མའོ་ཙེ་ཏུང་གི་འདྲ་སྐུ་ཡོད་སའི་ཐང་ཆེན་དེ་དང་། པར་རིས་སོགས་ལས་མཐོང་བའི་ལྕགས་རི་རིང་མོ། ཚ་ཚ་འུར་འུར་དང་བྲེལ་བྲེལ་ཟིང་ཟིང་གི་མི་ཚོགས།་ཁང་བརྩེགས་དང་ནུབ་རྒྱུ་མེད་པའི་གྲོང་ཁྱེར་གྱི་གློག་གཞུ་སོགས་ཡོད་ཚད་ཀྱིས་ཚེ་དབྱངས་ལ་རང་གི་བསམ་བློ་གང་ཡང་མེད་པའི་འཚར་སྣང་ལྟ་བུ་དང་རྨི་ལམ་ལྟ་བུ། འཁྲུལ་སྣང་ལྟ་བུ་ཞིག་ཏུ་གྱུར་ཡོད་འདུག
སློབ་ཁྲིད་མགོ་བཙུགས་པ་དང་། སློབ་གྲོགས་ཚོས་རང་ཉིད་ལ་ཡ་མཚར་མཚར་གྱིས་ལྟ་སྟངས། གང་ཅིའི་ཐད་ནས་གཞན་ལ་འགྲན་ཟླ་བྱ་མི་ཐུབ་པའི་སེམས་ཁམས་ཀྱིས་ཚེ་དབྱངས་ཧ་ཅང་གིས་ཡིད་ཐང་ཆད་པ་དང་མ་གོམས་པས་དཀའ་ངལ་མང་པོ་དང་། ཁེར་རྐྱང་གི་འཚོ་བས་ཁུ་སིམ་སིམ་སློབ་གྲྭའི་ཉལ་ཁང་ནས་ངུ་ངག་ཤོར་བ་སོགས་ཀྱིས་ཆེས་འུ་ཐུག་ཐབས་ཟད་ཀྱི་སློབ་ཆེན་འཚོ་བ་མགོ་འཛུག་བཞིན་པའི་སྐབས། གཟའ་མཇུག་ལ་སློབ་མ་རྣམས་ནི་སྒོ་ཁྱི་བཏགས་མ་ཤོར་བ་ལྟར་མཚན་ཚོགས་ཀྱི་འཚོ་བར་གོམས་པ་སོགས་ནས་འགྲོ་ས་འདུག་ས་མེད་པའི་ཚེ་དབྱངས་དེ་ལས་ཀྱང་སུན་སྣང་གིས་མི་ཚེ་ནང་ཆེས་ཐོག་མར་ཁེར་རྐྱང་ཟེར་བའི་སེམས་ཁམས་དེ་ངོ་ཤེས་འདུག སྦྱིན་བདག་བཟའ་ཚོ་གཉིས་ལ་འཕྲིན་ཡིག་རེ་སྐུར་ཏེ་པེ་ཅིན་དུ་འདུག་འདོད་མེད་པས་ལྷ་སར་ཕྱིར་ལོག་ཡོང་རྒྱུའི་བསམ་ཚུལ་བྲིས་ཀྱང་སྦྱིན་བདག་བཟའ་ཚོ་གཉིས་ཀྱིས་སློབ་གྲྭ་ཆེན་མོའི་གོ་སྐབས་ནི་སུ་ལ་རག་ཐུབ་པ་ཞིག་མིན་པས་གཅེས་སྤྲས་གནང་སྟེ་ཧུར་བརྩོན་བྱ་དགོས་པའི་སྐུལ་མའི་འོག ཚེ་དབྱངས་ཀྱིས་མུ་མཐུད་ནས་དཀའ་སྡུག་གི་གཟུགས་པོའི་མཉེན་ཆ་སྦྱོང་བརྡར་དང་སྐད་ངག་གི་སྦྱོང་བརྡར་སོགས་ལ་དཀའ་ཐུབ་བྱ་མགོ་བཙུགས་པ་དང་། སྐབས་དེ་དག་ཏུ། དཔོན་རིགས་དེའི་གོ་སྒྲིག་འོག་གཟའ་མཇུག་རེ་རེ་ལ་པེ་ཅིན་གྱི་མགྲོན་ཁང་གང་བཟང་ནས་ཟ་མ་གང་ཡག་ཟོས་ཏེ་བསྡད་པ་དང་། ལན་རེར་དཔོན་པོ་དེ་ལ་འཁྱུག་ཙམ་རེ་ཐུག་པ་དང་ཐུག་ཐེངས་རེ་ལ་ཧ་ཅང་གིས་བྱམས་སྐྱོང་གནང་བ་མ་ཟད། རྒྱུན་དུ་གཟའ་མཇུག་ནམ་ཡིན་ལ་ཁོའི་ལག་འོག་གི་རྒྱ་མོ་དེ་འདྲ་འདུག་རོགས་སུ་མངགས་པ་སོགས་ཚེ་དབྱངས་ལ་རྒྱུས་མེད་པའི་གྲོང་ཁྱེར་འདི་ནས་བྱམས་སྐྱོང་བྱེད་མཁན་དང་རྒྱབ་རྟེན་ལྟ་བུའི་སེམས་ཚོར་རྙེད་པ་དང་། ཕྱོགས་གཅིག་ནས་རང་ཉིད་ལ་ཆུང་དུས་ནས་ཨ་ཕའི་བྱམས་བརྩེ་རག་མ་མྱོང་བས་དཔོན་རིགས་དེ་ནི་ཨ་ཕ་ལྟ་བུའི་ཚབ་ཏུ་བཟུང་འདུག ལོ་ངོ་གཉིས་ཙམ་འགོར་བ་དང་ཚེ་དབྱངས་ཀྱིས་རིམ་བཞིན་ཕ་ཡུལ་མི་ཉག་དང་། ཉི་མ་ལྷ་ས། སྦྱིན་བདག་བཟའ་ཚོ་སོགས་དྲན་གདུང་རིམ་བཞིན་མར་འཇགས་ཤིང་། རྒྱུས་མེད་གྲོང་ཁྱེར་དེ་ནས་སློབ་གྲོགས་ཚོ་དང་འདྲིས་པར་གྱུར་པ། དཔོན་རིགས་དེའི་བྱམས་བརྩེའི་ལྟ་སྐྱོང་འོག་དགེ་རྒན་ཚོའི་དམིགས་བསལ་ལྟ་སྐྱོང་གནང་བ་དང་། དེ་ནས་རིམ་བཞིན་སློབ་གྲྭའི་འཚོ་བར་གོམས་པ་སོགས། ལོ་ན་༡༩་ཡིན་པའི་ཚེ་དབྱངས་ནི་མཛེས་པའི་ངོ་གདོང་གི་མིག་འོད་དུ་སྤོབས་པའི་མདངས་ཤིག་མངོན་ཡོད་པ་སྟེ། དེ་ནི་ཚེ་དབྱངས་ཀྱི་ལྡེམ་མྱུར་ལྡན་པའི་སྐྱེས་གཟུགས་དང་སྙན་ཞིང་འཇེབས་པའི་སྐད་ངག ད་དུང་གྲོང་ཁྱེར་བུ་མོ་སུ་ཡི་གཤིས་སྤྱོད་དུ་མཐོང་དཀོན་པའི་གཤིས་ཡག་གཤིས་འཇམ་གྱི་རང་བཞིན་སོགས་མི་མང་པོས་བསྟོད་བསྔགས་ཐེབས་པ་སོགས་ག་ལེར་ཚེ་དབྱངས་ཀྱི་སྣང་ངོ་རུ་རང་ཉིད་ནི་མི་ཚོགས་འདི་དང་འདྲ་འདྲ་ཚོར་བཞིན་པ་རེད། ཚེ་དབྱངས་རང་ཉིད་ཀྱི་སེམས་སུ་འདི་ལྟ་བུའི་གོ་སྐབས་དང་ཁེ་ཕན་ཡོད་ཚད་རྒྱ་རིགས་དཔོན་རིགས་དེ་ཡིས་སྤྲད་པ་ཡིན་པ་དང་། ད་དུང་ལོ་ངོ་གཉིས་ལྷག་གི་རིང་ལ་ཕ་ལྟར་བྱམས་བརྩེ་ཡིས་བསྐྱངས་པ་དྲན་ནས། རྒྱུན་དུ་ཁོ་ལ་བཀའ་དྲིན་ཞུ་ཐུབ་པའི་གོ་སྐབས་དང་ལས་ཀ་རེ་ཡོད་ན་བསམ་པའི་སྐབས་ཤིག་ལ། དཔོན་རིགས་དེ་ཡིས་ཚེ་དབྱངས་ཁོང་གི་སྡོད་གནས་སུ་སྐད་བཏང་ཞིང་། དེ་ནས་བཟུང་ཚེ་དབྱངས་གཟའ་མཇུག་ལ་དཔོན་རིགས་དེའི་ཁྱིམ་དུ་བསྐྱོད་དེ། ཁྱིམ་དུ་ཡོད་པའི་གླ་མི་ཚོ་ལ་ཁྱིམ་ལས་ཙག་ཙིག་རེ་རོགས་བྱེད་པ་སོགས་བསྡད་དེ་རིམ་བཞིན་དཔོན་རིགས་དེ་དང་ཚེ་དབྱངས་གཉིས་ཀྱི་བར་དུ་ལུས་འབྲེལ་བྱུང་ཡོད་འདུག
གཏམ་རྒྱུད་བཤད་དེ་འདིར་སླེབས་སྐབས། མགྲོན་ཁང་གི་ལས་མི་ཞིག་གིས། ཁ་པར་ཞིག་ཁྱེར་ནས་ཚེ་དབྱངས་སྐད་བཏང་བྱུང་། ཚེ་དབྱངས་ཀྱིས་དབུགས་རིང་ཞིག་དང་མཉམ་དུ། ངེད་གཉིས་འགྲོ་རན་སོང་ཟེར་ཞོར་ཁ་པར་དེར་ཉན་ཞོར་གྱིས་ཆུ་རྫིང་ལས་ཐོན་པ་དང་། ངས་ཀྱང་ཁོ་མོ་ཆུ་རྫིང་ནས་ཡར་ལངས་རྗེས་གཟུགས་པོས་ཡར་བཏེགས་པ་དང་མར་ཟགས་པའི་ཆུ་ཐིགས་ལ་ལྟ་བཞིན་གཞི་ནས་གཉིད་སད་པ་ལྟར་ཆུ་རྫིང་གཞན་ཁག་ཏུ་མི་མང་པོ་མེད་པ་མཐོང་ཞིང་། ཆུ་རྫིང་ནས་ཡར་ལངས་སྐབས་ཤེལ་དྲ་ལས་མཐོང་བ་ནི་གློག་གཞུ་ཁྲ་ཆིལ་གྱིས་བརྒྱན་པའི་ནེའུ་ཡོག་གི་མཚན་མོའི་གྲོང་ཁྱེར་རེད་ལ། དེ་དུས་ངས་གཞི་ནས་མཚན་མོའི་ཆུ་ཚོད་བརྒྱད་པ་ཙམ་ཟིན་པ་ཚོར་བྱུང་། ཚེ་དབྱངས་ཀྱིས་མགྲོན་ཁང་གི་ལས་མིས་ཁྱེར་ཡོང་བའི་ལག་རས་དཀར་པོ་ཞིག་གིས་གཟུགས་པོ་བཏུམས་རྗེས། ང་ལ་ལག་རས་ཤིག་སྲིང་བཞིན་ངེད་གཉིས་འདི་ལྟར་མར་མགྲོན་ཁང་དུ་འགྲོ་དང་དེར་གྱོན་པ་བརྗེ་ཆོག་ཟེར། ངས་གྱོན་པ་བརྗེ་རྒྱུ་སོགས་གང་ཡང་ཁྱེར་མེད་པས། ནང་གོས་ཅི་ཞིག་གྱོན་མིན་ལ་བསམ་བློ་གཏོང་བཞིན་ཚེ་དབྱངས་ཀྱི་རྗེས་འདེད་ཞོར་མགྲོན་ཁང་དུ་སླེབས་པ་དང་། ཕྱིར་དྲན་བྱས་ཀྱང་ངེད་གཉིས་ཀྱིས་རྒུན་ཆང་ག་ཚོད་བཏུངས་ཟིན་པ་མ་ཤེས་ཀྱང་ང་ལ་བཟི་སྣང་ཏོག་ཙམ་ཞིག་འདུག མགྲོན་ཁང་གི་སྒོ་ཕྱེས་པ་དང་། ཚེ་དབྱངས་ཀྱིས་དབྱིན་སྐད་ཀྱིས། སྙིང་ཉེ་ལགས། ཁྱེད་ཐོན་ཡོད་དམ། ཞེས་རྗོད་ཞོར་གཟུགས་ཀྱི་མཐོ་ཚད་ཚེ་དབྱངས་དང་མཉམ་པའི་ཕོ་གསར་ཞིག་གི་སྐེད་ལ་འཐམ་ཞོར་འགྲམ་ངོས་སུ་འོ་ཞིག་བྱས་སོང་ལ། ངའི་བསམ་པར་དོན་ངོ་མ་མི་དེ་སུ་ཡིན་ནམ། ད་དུང་སེམས་ནང་དུ་ད་སོ་མ་བཤད་མ་ཐག་པའི་རྒྱ་རིགས་མཐོ་རིམ་དཔོན་རིགས་དེ་དང་ལུས་འབྲེལ་བྱུང་དགོས་དོན་གང་ཡིན་ནམ། དེའི་རྗེས་སུ་དོན་དག་ཅི་བྱུང་བ་དང་ཚེ་དབྱངས་ཨ་རི་ལ་ཇི་ལྟར་སླེབས་པ་སོགས་བསམ་བློའི་ནང་དུ་འདྲ་མི་འདྲ་དྲུག་གསུམ་བཅོ་བརྒྱད་འཁོར་ཡོང་བ་མ་ཟད། ཡང་ཚེ་དབྱངས་དང་ངེད་གཉིས་ཀྱི་གཟུགས་པོར་ལག་རས་དཀར་པོ་རེ་ཡིས་བཏུམས་ཡོད་པ་ལས་གཞན་གྱོན་པ་གྱོན་མེད་པ་སོགས་ཀྱིས། ངོ་ཚ་སྟེ་ངོ་གདོང་ཧྲིལ་བོར་ཚ་བུར་བུར་བྱས་བྱུང། ཅི་བྱ་གཏོལ་མེད་དུ་ཡོད་སྐབས་ཚེ་དབྱངས་ཁ་ཕྱིར་འཁོར་ནས་ང་ལ་ལྟ་ཞོར། འདི་ངའི་བུ་འོད་ཟེར་ཚེ་རིང་རེད་ཅེས་དང་། འདི་ཨ་མདོ་ནས་ཡོང་བའི་ཚེ་རིང་སྐྱིད་རེད་ཅེས་ངོ་སྤྲོད་གནང་བྱུང་། ང་རང་གཞི་ནས་ཅུང་ལྷོད་ལ་འབབ་ཞོར་ཁོ་ལ་བཀྲ་ཤིས་བདེ་ལེགས་ཀྱི་ལག་འཇུ་ཐེངས་གཅིག་བྱས་པ་ཡིན། སྐྲ་ལོ་ནག་ཅིང་དེང་དུས་ཀྱི་ལོ་ན་གཞོན་པའི་སྐྲ་ལོ་ཐུང་ཐུང་དར་སྲོལ་ཆེན་པོ་དེ་ལྟར་མ་ཡིན་པར། ལོ་རབས་བརྒྱད་བཅུ་དང་དགུ་བཅུ་བའི་ནང་དར་སྲོལ་ལྟ་བུའི་སྐྲ་ལོ་ཅུང་རིང་བའི་ཕོ་གསར་འདི་ནི། ཤ་མདངས་དཀར་ནག་མཉམ་དུ་བསྲེས་པའི་ཆེས་མཛེས་པའི་པགས་པའི་རིགས་ཏེ་ཚེ་དབྱངས་ཀྱི་ཤ་ཁ་དང་འདྲ་ལ། མིག་ཟུང་ནག་ཅིང་ཚེ་དབྱངས་ལྟར་མིག་གི་ཀྲིག་ཀ་ཆེ་བ། ཀློག་འོད་ཀྱི་འོག་ཏུ་འཛུམ་མདངས་ལས་མཐོང་བའི་གྲལ་ལྟར་སྒྲིག་པའི་སོ་ཕྲེང་། དེ་ལས་ཀྱང་སྣ་ཆེ་ཞིང་དབྱིབས་ལེགས་པས་ངོ་གདོང་ལ་ཆེད་དུ་བཟོས་པ་ལྟར་ནམ་རྒྱུན་ལྷོ་ཀོ་རི་ཡའི་གློག་བརྙན་ནང་གི་ཕོ་གསར་མཛེས་སྡུག་ལྡན་པ་དེ་འདྲ་ཞིག་རེད་འདུག ཚེ་དབྱིངས་ཀྱིས་འོད་ཟེར་ཚེ་རིང་གིས་ཁྱེར་ཡོང་བའི་ལག་འདྲུད་ཁུག་མ་ཞིག་གི་ཁ་ཕྱེས་ཏེ་དེའི་ནང་ནས་གྱོན་ཆས་ཕར་སློག་ཚུར་སློག་བྱེད་བཞིན་འདུག་ལ། འོད་ཟེར་ཚེ་རིང་གིས་འཛུམ་མདངས་དང་བཅས་རང་གི་ཨ་མའི་བཟོ་ལྟ་ལ་ཅེར་འདུག ངའི་བསམ་བློའི་ནང་དུ་རྒྱ་རིགས་དཔོན་པོ་དེ་དང་མཉམ་དུ་སྐྱེས་པའི་ཁྲག་རྒྱུན་ལ་འདི་འདྲའི་ཕོ་གསར་གསོན་ཉམས་དོད་པོ་ཇི་ལྟར་སྐྱེས་པ་ཡིན་ནམ་ཞེས་གླེན་འདང་རྒྱག་ཞོར་མིག་ཟུང་གིས་འོད་ཟེར་ཚེ་རིང་གི་མགོ་མཇུག་ལ་ཅེར་ནས་བསྡད་པ་ཡིན། འོད་ཟེར་ཚེ་རིང་གི་གྱོན་པ་རྣམས་ཁ་དོག་དཀར་དམར་ཅན་དང་ཡང་ན་ཁྲ་ཁྲ་སོགས་མ་ཡིན་པར། ཇཱེན་སི་ཁ་དོག་སྔོ་ནག་ཅིག་དང་སྒང་ལ་བལ་གྱིས་བསླས་པའི་སྟོད་ཐུང་ནག་པོ་ཞིག་གྱོན་འདུག སྐེ་རུ་གཡུ་སྔོན་པོ་གཉིས་ཀྱི་བར་དུ་བྱི་རུ་དམར་པོ་ཆུང་ཆུང་ཅན་གྱི་ཤ་ཐོག་ལ་འབྱར་བའི་སྐེ་རྒྱན་རང་གཤིས་ཅན་ཞིག་བཏགས་འདུག་ལ་ད་དུང་ལག་མགོར་ཕྲེང་བ་ནག་པོ་ནང་དུ་གཡུ་སྔོན་པོའི་རྒྱན་ཆ་ཡོད་པ་ཞིག་ཀྱང་བཏགས་འདུག
ངའི་མིག་ཟུང་འོད་ཟེར་ཚེ་རིང་གི་ལུས་སྟེང་དུ་ཅེར་ཡོད་སྐབས། ཚེ་དབྱངས་དགོད་ཙམ་གྱིས་ང་ལ་ལྟ་ཞོར། ངས་ཚོད་དཔག་བྱས་ཏེ་ཁྱེད་ཀྱི་གཟུགས་པོའི་ཞེང་ཚད་དང་མཐུན་པའི་ནུ་འཐུམ་དང་ནང་གོས། དེ་བཞིན་གྱོན་པ་གཞན་ཁག་ཅིག་འོད་ཟེར་ལ་ཉོ་རུ་བཅུག་པ་ཡིན། ཚུར་ཤོག་ལ་ཚོད་ལྟ་བྱོས་དང་། ང་ཚོ་དགོང་ཟས་བཟའ་རུ་འགྲོ་ཟེར། ངས་ཁུག་མ་དེ་ནས་གྱོན་པ་དེ་རྣམས་བླངས་ཏེ་ཁྲུས་ཁང་དུ་ཁྱེར་ནས་ཚོད་ལྟ་བྱས་པ་ན། ནང་མའི་གོས་ཐུང་རྣམས་ནི་འཛམ་གླིང་ཧྲིལ་བོར་སྐད་གྲགས་ཆེ་བའི་ཝིག་ཀྲོ་རི་ཡའི་གསང་བ་ཞེས་པའི་མིང་རྟགས་དེ་ནས་རེད་ལ། ནང་གོས་ཚོང་རྟགས་འདི་ནི་ནང་གོས་ཁྲོད་ཀྱི་རིན་གོང་ཆེ་ཤོས་ཀྱི་གྲས་དང་སྤུས་ཚད་ལེགས་ཤོས་ཀྱི་གྲས་ཡིན། ངས་རང་ཉིད་དགའ་བ་གཉིས་གདམས་པ་དང་དེའི་རྗེས་ནས་གྱོན་ཆས་རྣམས་ལ་ལྟ་དུས་གྱོན་པ་རྣམས་ནི་བྷིས་བྷིས་ཞེས་པའི་ཚོང་རྟགས་ཅན་དེ་ནས་རེད་འདུག དེའི་ནང་དུ་ཁ་དོག་ནག་པོ་ཅན་གྱི་དཔེ་གསར་ཡིན་པ་གང་ཞིག་ལ་བབ་ཆགས་ཡིན་པའི་དགོང་དྲོའི་གྱོན་ཆས་ཤིག་ཡོད་པ་དེའི་སྟེང་ལ་བལ་གོས་སྲབ་མོ་རིང་པོ་ཞིག་གྱོན་པ་ཡིན། དེ་ནས་མེ་ལོང་ལ་བལྟས་ནས་སྐྲ་དང་གདོང་སོགས་ལ་ཡག་ལས་ཏོག་ཙམ་བྱས་རྗེས་ཚེ་དབྱངས་ལ་གང་འདྲ་ཡོད་མེད་བསྟན་སྐབས། ཏག་ཏག་རེད་འདུག་ཅེས་འོད་ཟེར་ཚེ་རིང་ལ་བསྟོད་བསྔགས་བྱེད་བཞིན་འདུག ཚེ་དབྱངས་ཀྱིས་བརྗོད་ན་སྤྱིར་བཏང་ཕྱི་རུ་ཟ་མ་བཟའ་རུ་འགྲོ་རྒྱུ་བྱས་ཀྱང་། འུ་གཉིས་གཏམ་རྒྱུད་ཀྱི་ནང་དུ་མགོ་མཁོར་བ་སོགས་ལས་མགྲོན་ཁང་འདིའི་ཀླད་ཁེབས་གཞན་ཕྱོགས་སུ་ཟ་ཁང་དང་ཆང་ཁང་མཉམ་དུ་ཡོད་པས། འདིའི་ནང་གི་ཟ་མ་མི་བཟང་རྒྱུ་མེད་ཟེར་བས། ང་དང་འོད་ཟེར་གཉིས་ཀྱང་མ་གྲོས་གཅིག་མཐུན་གྱིས་ཁོ་མོའི་རྗེས་བསྙེགས་ནས་མགྲོན་ཁང་གི་ཕྱོགས་གཞན་པའི་ཀླད་ཁེབས་ཕྱོགས་སུ་བསྐྱོད་པ་ཡིན།
ང་ཚོས་རང་རང་གི་ཟ་མ་མངགས་པ་དང་། ངའི་ཀླད་པའི་ནང་དུ་མ་བུ་འདི་གཉིས་ལ་ལྟ་ཞོར་བསམ་བློ་དང་འཆར་སྣང་འདྲ་མིན་སྐྱེ་བཞིན་ཡོད་པས། ཚེ་དབྱངས་ཀྱི་གཏམ་རྒྱུད་མཇུག་མ་རྣམས་མུ་མཐུད་ནས་ཉན་འདོད་སྐྱེས་ལ། ཡང་མིག་མདུན་གྱི་ཕོ་གསར་རྫིག་པོ་འདིར་ལྟ་བའི་གོ་སྐབས་ཀྱང་དམ་འཛིན་བྱ་འདོད། འོད་ཟེར་ཚེ་རིང་གིས། ངེད་གཉིས་ལ་ལྟ་ཞོར། ཨམ་སྐད་འདྲེས་མའི་བོད་སྐད་ཀྱིས། ཁྱེད་གཉིས་ཀྱིས་དེ་རིང་རྒུན་ཆང་ག་ཚོད་ཙམ་འཐུང་ཡིན། ཞེས་འཛུམ་མདངས་དང་མཉམ་དུ་དྲིས་བྱུང་བས། ངས་དོ་སྣང་མ་བྱུང་བའི་ཁོའི་སྐད་གདངས་ལ་ངོ་མཚར་སྐྱེས་ལ་དྲི་ལན་འདེབས་རྒྱུ་བརྗེད་དེ། ལམ་སེང་ཁྱེད་ཀྱིས་བོད་སྐད་གང་ནས་སྦྱངས་པ་ཡིན། ཞེས་འདྲི་བར་ཐལ་སོང་། འོད་ཟེར་ཚེ་རིང་དགོད་ཙམ་བྱེད་སྐབས། ཚེ་དབྱངས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། འོད་ཟེར་ཚེ་རིང་ལོ་དྲུག་ནས་བཅུ་བཞིའི་བར་དུ་མཚོ་སྔོན་ཕྱོགས་ཀྱི་འབྲོག་ཁུལ་དུ་་འཚོ་བ་རོལ་བ་དང་དེ་རུ་སློབ་གཉེར་བྱས་འདུག་ལ། ཚེ་དབྱངས་ཀྱང་ལོ་རེར་ཐེངས་མང་ལྟ་སྐོར་ལ་ཕྱིན་ཡོད་འདུག ལོ་བཅུ་བཞི་ཡི་སྐབས་འོད་ཟེར་ཚེ་རིང་བསྐྱར་དུ་ཨ་རིར་ཡོང་ནས་མུ་མཐུད་ནས་སློབ་གཉེར་བྱས་ཏེ་མཐོ་རིམ་སློབ་མཐར་ཕྱིན་སྐབས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ནས། ད་ལྟ་ཀོ་ལིམ་པིས་ཡ་སློབ་གྲྭར་འཕྲོད་བསྟེན་ཚན་པར་སློབ་གཉེར་གནང་བཞིན་ཡོད་འདུག ཚེ་དབྱངས་ཀྱིས་བརྗོད་ན་འོད་ཟེར་ཚེ་རིང་ལོ་ན་༡༥་ལ་སོན་ཙམ་ནས་ཁོ་འཚོ་བ་རོལ་སའི་མཚོ་སྔོན་ཕྱོགས་ཀྱི་འབྲོག་ཁུལ་དེ་གཙོ་བྱས་པའི་ས་ཁུལ་མང་པོ་ཞིག་ཏུ་ལོ་རེར་འདི་ཕྱོགས་ཀྱི་སྨན་པ་དང་སྨན་སོགས་ཁྱེར་ནས་འབྲོག་པ་མང་ཚོགས་ཀྱི་ནད་ལ་ལྟ་བར་སྐྱོད་བཞིན་ཡོད་པ་དང་། དེའི་རྒྱུ་མཚན་གཙོ་བོ་ནི་ཁོ་འབྲོག་ཁུལ་དེར་འཚོ་བ་རོལ་སྐབས་འབྲོག་ཕྲུག་གྲོགས་པོ་ཡག་ཤོས་ཤིག་ཡོད་པ་གློ་བུར་དུ་ནད་ཀྱིས་མནར་ཏེ་སྨན་པར་སྟོན་ཁོམ་མ་བྱུང་བར་འདས་གྲོངས་སུ་གྱུར་པ་ཡིས། ཁོ་རང་ལས་ཀ་འདིའི་ཕྱོགས་སུ་དོ་སྣང་བྱུང་བ་དང། དེ་ནས་བཟུང་ཚེ་དབྱངས་ཀྱིས་ཁོ་ལ་ཕྱོགས་གང་ཐད་ནས་རོགས་འདེགས་བྱེད་བཞིན་ད་ལྟ་ས་ཕྱོགས་མང་པོ་ཞིག་ཏུ་སྨན་ཁང་འཛུགས་ཐུབ་ཡོད་པ་དང་། ད་དུང་ལོ་རེར་འདི་ཕྱོགས་ནས་ཟབ་སྦྱོང་སྤྲོད་མཁན་གྱི་སྨན་པ་མཁོ་འདོན་སོགས་བྱེད་བཞིན་ཡོད་འདུག འོད་ཟེར་ཚེ་རིང་ཡང་ལོ་རེ་རེའི་དབྱར་ཁར་མཚོ་སྔོན་དུ་སོང་ནས་བསྡད་ཡོད་ལ། ཁོ་རི་མོར་འབྲི་རྒྱུར་དགའ་བས། འབྲོག་ཕྱོགས་ཀྱི་འཚོ་བ་དང་མཚོ་སྔོན་ཕྱོགས་ཀྱི་གནམ་ངོ་དང་ས་གཞི་སོགས་ནི་རི་མོ་ལ་ཕབ་ཐབས་མེད་པའི་མཛེས་སྡུག་ཅིག་རེད་ཅེས་ཡང་ཡང་རྗོད་བཞིན་འདུག ཚེ་དབྱངས་ཀྱིས་འདི་ལྟར་ངོ་སྤྲོད་བྱེད་སྐབས་འོད་ཟེར་ཚེ་རིང་གིས་ཨ་མར་འཛུམ་གྱིས་ལྟ་ཞོར་ཉན་ནས་འདུག་ལ། ཁོ་ནི་སྐད་ཆ་བཤད་རྒྱུར་དེ་ཙམ་དགའ་བོ་མེད་མཁན་ཞིག་རེད་འདུག
ང་ཚོས་གླེང་མོལ་སྣ་ཚོགས་བྱས་པ་དང་ཡང་འོད་ཟེར་ཚེ་རིང་དང་ངེད་གཉིས་ཀྱིས་འབྲོག་ཁུལ་གྱི་འཚོ་བ་དང་གོམས་སྲོལ་སོགས་གླེང་སློང་འདྲ་མིན་བྱེད་ཞོར་ཟ་མ་ཟས་ཚར་ཞིང་། གླེང་མོལ་བརྒྱུད་ཤེས་རྟོགས་བྱུང་བ་ཡིན་ན། འོད་ཟེར་ཚེ་རིང་ནི་ལོ་ན་༢༡་ལས་སོན་མེད་པའི་གྲོང་ཁྱེར་གྱི་ན་གཞོན་ཞིག་དང་མི་འདྲ་བར། མི་ཚོགས་མང་པོ་ཞིག་གི་རེ་བ་དང་བརྩེ་དུང་ཁྱེར་ཡོད་པའི་ཕོ་གསར་རེ་སྙེགས་ཅན་དང་འགན་ལེན་ལྡན་པ་ཞིག་རེད་འདུག ད་དུང་ཁོས་བརྗོད་ན། མཚོ་སྔོན་ཕྱོགས་ཀྱི་བོད་ཀྱི་འབྲོག་པ་ཚོའི་གཤིས་བཟང་ཡ་རབས་ཀྱི་ཀུན་སྤྱོད་ནི་རྒྱུན་དུ་ནས་རང་ཉིད་བོད་མི་ཡིན་པའི་སྤོབས་པ་སྐྱེད་བྱེད་དེ་ཡིན་པ་དང་། བྲེལ་ཟིང་དང་ཟོག་རྫོབ་ཀྱིས་ཁེངས་པའི་གྲོང་ཁྱེར་གྱི་མི་རྣམས་ནི་སའི་གོ་ལ་གད་སྙིགས་བཟོ་མཁན་གྱི་མི་ཚོགས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག ཚེ་དབྱངས་ཀྱིས་གད་མོ་དགོད་ཞོར་དུ། ད་ལྟ་གྲོང་ཁྱེར་དུ་ཡོད་པའི་ང་ཚོ་གད་སྙིགས་ཀྱི་ཕུང་བོ་སའི་གོ་ལར་སྤུངས་མཁན་གྱི་ཆ་ཤས་ཤིག་རེད་ཟེར།
རྗེས་སུ་འོད་ཟེར་ཚེ་རིང་གིས་བསྐུར་ཡོང་བའི་ཁོའི་པུར་སྙུག་ལས་བྱུང་བའི་བོད་ཡུལ་གྱི་རི་བོ་དང་གཙང་ཆུ། བོད་མི་དང་སྦྲ་ཁྱིམ། དབེན་དགོན་དང་ལ་ཁའི་ལབ་ཙེ་སོགས་རྗེས་སུ་གློག་འཕྲིན་བརྒྱུད་དེ་མཐོང་དུས་ངོ་མ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད་འདུག་ལ། རི་མོའི་ནང་གི་མཛེས་ལྗོངས་དེ་ལྟར་དུ་འོད་ཟེར་ཚེ་རིང་གིས་ཕ་ཡུལ་དང་བོད་མི་ཚོར་བཅོལ་བའི་བརྩེ་དུང་ཡང་མཚོན་ཐུབ ཚེ་དབྱངས་ཀྱིས་བརྗོད་ན་ཁོ་མོས་ཚེ་གང་བོར་དོན་སྙིང་ལྡན་པའི་ལས་ཀ་གང་ཡང་བྱེད་མེད་ཀྱང་ལས་ཀ་འགྲིག་ཡོད་པ་གཅིག་བསྒྲུབས་པ་ནི་འོད་ཟེར་ཚེ་རིང་སྐྱེས་པ་དེ་ཡིན་པ་དང་། བོད་རིགས་ཨ་མ་ཞིག་གི་ངོས་ནས་བོད་ལ་བརྩེ་དུང་ཟབ་པའི་ཁམས་པའི་ཕོ་གསར་ཞིག་སྐྱེད་སྲིང་ཐུབ་ཡོད་པ་འདི་ཡིན་ཟེར། ད་དུང་ཚེ་དབྱངས་ཀྱིས་བརྗོད་ན་འོད་ཟེར་ཚེ་རིང་གི་བསམ་བློ་དང་ལས་འགན་སོགས་རང་གི་ལོ་ཚད་ལས་བརྒལ་ཐུབ་པ་བྱུང་བ་ནི་ཁོ་ལ་ཆུང་དུས་ནས་ཨ་ཕའི་བརྩེ་བ་མ་རག་པ་དང་ངས་ཀྱང་ལོ་ན་ཆུང་དུས་ནས་རྒྱུས་མེད་འབྲོག་ཁུལ་དུ་བསྐྱལ་པ་སོགས་ཀྱིས་ཆུང་དུས་ནས་བསམ་བློ་གཏོང་ཐུབ་མཁན་གྱི་མི་ཞིག་ཏུ་གྱུར་བ་མ་ཟད། འབྲོག་ཁུལ་གྱི་མི་གཤིས་བཟང་པོ་དང་བོད་མིའི་ཀུན་སྤྱོད་བཟང་པོ་ཚང་མ་ཁོང་ལ་ཡོད་ཅེས་ཧ་ཅང་སྤོབས་པའི་སྒོ་ནས་བཤད་བྱུང་ལ། ཚེ་དབྱངས་ཀྱིས་རང་གི་མི་ཚེ་ཕྱེད་ཀ་ལ་ཤུགས་བརྒྱབ་པའི་ཚོང་ལས་ཀྱི་ཡོང་འབབ་ཚང་མས་འོད་ཟེར་ཚེ་རིང་བོད་མི་རིགས་ལ་ཡོད་པའི་བརྩེ་དུང་ཆེ་བ་ལྟར་དུ་མ་འོངས་པའི་བོད་ཁུལ་དུ་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་རྒྱ་ཆེར་སྤེལ་སར་བཀོལ་རྒྱུ་ཡིན་ཚུལ་བརྗོད་སོང་།
ང་ཚོས་སྐད་ཆ་ཡར་མར་གླེང་རྗེས་འོད་ཟེར་ཚེ་རིང་ཕྱིར་ཁྱིམ་དུ་ལོག་ནས། ཚེ་དབྱངས་ཀྱི་གསོ་བཞིན་པའི་ཁྱི་གཉིས་ལ་ཁ་ཟས་སྤྲོད་རྒྱུ་བྱས་སོང་། ང་དང་ཚེ་དབྱངས་བསྐྱར་དུ་ཆང་ཁང་གི་སྒྲོམ་སྟེགས་སྟེང་སྤོར་ཏེ་མུ་མཐུད་ནས་གླེང་མོལ་བྱས་ཏེ་བསྡད་པ་ཡིན།
འདིའི་སྔོན་ལ་ངེད་གཉིས་ཆུ་རྫིང་ནས་ཚུར་ཡོང་སྐབས་ཚེ་དབྱངས་ལོ་ན་༡༩ ལ་སོན་སྐབས་རྒྱ་རིགས་དཔོན་པོ་དེ་དང་ལུས་འབྲེལ་བྱུང་བ་དང་འབྲོག་ཁུལ་གྱི་བོད་མོ་གཙང་མ་འདིའི་མི་ཚེ་ཡི་མེ་ཏོག་དེ་རྒྱ་རྒན་ཞིག་ལ་སྤྲད་ཡོད་པ་སོགས་ཀྱི་སྐོར་ནས་བསམ་བློ་བྱུང་འཁོར་ལ། དེ་བཞིན་མི་དང་མིའི་བར་གྱི་བྱམས་བརྩེ་དང་བརྩེ་དུང་ནི་མི་རིགས་ཀྱི་ས་མཚམས་དང་ལོ་ཚད་ལས་བརྒལ་བ་ཞིག་ཡིན་ན། བོད་མི་རིགས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་མེད་པའི་འབྲོག་པའི་བུ་མོ་ཆུང་ཆུང་ཞིག་ལ་མཚོན་ན་འདི་ནི་རྒྱུན་ལྡན་ཞིག་རེད་བསམས་ཏེ། ང་རང་ཉིད་ཀྱི་བསམ་བློའི་ནང་དུ་མཚམས་རེར་ངོ་རྒོལ་དང་མཚམས་རེར་རྒྱབ་སྐྱོར་ལྟ་བུའི་མི་གཉིས་ཀྱིས་རྒྱུ་མཚན་བཤད་དེ་རྡུང་རེས་རྒྱག་བཞིན་པ་དང་འདྲ།
ཚེ་དབྱངས་ཀྱིས་ངེད་གཉིས་ལ་བཏུང་བྱ་མངག་བཞིན་པའི་སྐབས་སུ། ངས་ཚེ་དབྱངས་ལ་ལོ་ན་༡༩ཡིན་སྐབས་ཁྱེད་ཀྱིས་རྒྱ་རྒན་དེ་ལ་ལུས་ཀྱི་མེ་ཏོག་སྤྲོད་དོན་ཅི་ཡིན་ཞེས་དྲིས་སྐབས། ཚེ་དབྱངས་ཧབ་ཆ་ཆེན་པོ་ཞིག་ཤོར་བ་དང་། ཁྱེད་ཀྱིས་དེ་དགོང་ང་དམར་རྗེན་དུ་འཕུད་རྒྱུ་ཡིན་ནམ་ཟེར།
ངེད་གཉིས་ཀྱིས་གློག་འོད་སྣ་ཚོགས་དང་རོལ་དབྱངས་ཟ་ཟིའི་བར་ནས་མུ་མཐུད་ནས་གཏམ་གླེང་བྱས་པ་ཡིན།
ཚེ་དབྱངས་ཀྱིས་བཤད་ན། སྐབས་དེ་དུས་ཁོ་མོས་རྒྱ་བོད་ཅེས་པའི་མི་རིགས་གཉིས་ཀྱི་རུས་རྒྱུད་ཀྱི་ཁྱད་པར་དང་འགལ་ཟླ་སོགས་མང་པོ་ཞིག་མི་ཤེས་ཀྱང་། རྒྱ་རིགས་དཔོན་པོ་དེ་ནི་རྒྱ་ནག་དབང་འཛིན་མི་སྣའི་ནང་གི་དབང་འཛིན་མི་སྣ་མཐོ་གྲས་ཤིག་ཡིན་པ་མ་ཟད། ཁོས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་སྒང་དུ་ལས་ངན་སྒྲུབ་པ་དང་ལས་བཟང་སྒྲུབ་པ་གང་ཡིན་བཤད་མི་ཤེས་རུང་། གང་ལྟར་ཚེ་དབྱངས་ལ་ལྟ་སྐྱོང་གིས་ཕ་ཞིག་གི་ཚབ་ཀྱིས་སློབ་སྦྱོང་གི་གོ་སྐབས་སྤྲད་པ་དང་ལྷག་དོན་དུ་མི་མང་པོས་རྨི་ལམ་རྨི་སའི་པེ་ཅིན་སྒྱུ་རྩལ་སློབ་གྲྭ་ཆེན་མོར་སློབ་གཉེར་གྱི་གོ་སྐབས་བསྐྲུན་པ། དེ་ལས་ཀྱང་རྒྱུས་མེད་གྲོང་ཁྱེར་འདི་ནས་ལོ་ངོ་གཉིས་ལ་ཆགས་སྲེད་ཀྱི་འདོད་བློ་ལྟ་བུ་གཏན་ནས་བསྟན་མ་མྱོང་བ་ལ་སོགས་པས་ཚེ་དབྱངས་རང་གི་འདོད་པ་ལྟར་དུ་དཔོན་པོ་དེ་དང་ལུས་འབྲེལ་བྱུང་བ་ཡིན་འདུག དེ་ནས་བཟུང་ཚེ་དབྱངས་ནི་དཔོན་པོ་ཚང་གི་ཁྱིམ་བདག་མ་ལྟ་བུར་གྱུར་ཅིང་། སློབ་གྲྭར་ཡང་ཚེ་དབྱངས་ནི་སྦྱིན་བདག་ཆེན་མོའི་ཟུར་བསྟེན་ཆུང་མ་དང་ཡང་ན་དཔོན་པོ་མཐོ་བོའི་དགའ་གྲོགས་ཆུང་ཆུང་ཡིན་རབས་སོགས་ཀྱི་གླེང་གཞི་ཆེན་པོ་བྱུང་འདུག ཡིན་ན་ཡང་ཚེ་དབྱངས་ཀྱིས་བརྗོད་ན། སྒྱུ་རྩལ་སློབ་གླིང་གི་སློབ་མ་དག་ནི་འཁྲབ་སྟོན་པ་དང་སྐད་ངག་ལ་བརྟེན་ནས་འཚོ་བ་རོལ་འདོད་པའི་གསར་བུ་གསར་མོ་ཁྱོད་ལས་ཁོ་རྫིག་རྫིག་དང་ང་ལས་ཁྱེད་མཛེས་མཛེས་བྱེད་མཁན་ཤ་སྟག་ཡིན་པས། ཟུར་བསྟེན་བྱེད་པ་དང་རྒྱུ་ཆེན་ཚོའི་དགའ་གྲོགས་ཆུང་ཆུང་བྱེད་པ་ནི་བུ་དང་བུ་མོ་སུ་ཡང་རྒྱུན་ལྡན་ལྟ་བུར་གྱུར་ཡོད་འདུག དེ་ལྟར་ཟླ་ཤས་འགོར་བཞིན་པའི་གཟའ་མཇུག་གི་ཞོགས་པ་ཞིག་ལ། དཔོན་པོ་དེ་ཡིས་རྒྱུན་དུ་གླེང་བསྡད་པའི་ཨ་མེ་རི་ཀར་ཆབ་སྲིད་རིག་པར་སློབ་གཉེར་བྱེད་བཞིན་པའི་ཁོའི་བུ་སློབ་མཇུག་རྫོགས་ཏེ་ཕྱིར་རང་ཁྱིམ་དུ་ལོག་པའི་ཉིན་ཡིན་ཡང་། དཔོན་པོ་ལས་དོན་གྱི་ཕྱིར་དུ་ཁྱིམ་དུ་མེད་པ་ལྟར་ཚེ་དབྱངས་ལ་བུ་ཡི་བསུ་མ་བྱ་བའི་ལས་འགན་བཅོལ་བ་དང་ཚེ་དབྱངས་ཀྱིས་བུ་དེར་སྣེ་ལེན་བྱེད་སྐབས། ཐོག་དང་པོ་མཐོང་བ་དང་དཔོན་པོའི་བུ་ཡིས་ཁོ་མོར་ཅེར་ནས་ཡུན་རིང་འགོར་ཞིང་དེ་མ་ཐག་པུར་སྨྱུག་དང་རི་མོ་འབྲི་སའི་སྒྲོམ་བྱང་ཁྱེར་ཡོང་ནས། ཚེ་དབྱངས་ལ་སྐད་ཆ་གང་ཡིན་བཤད་ཁོམ་མ་བྱུང་བར། ཐད་ཀར་དཔུང་བར་འཐམས་ནས་དེ་ལྟར་འདུག་རོགས། མ་འགུལ་རོགས། མིག་དང་འཛུམ་མདངས་དེ་ལྟར་ཉར་རོགས་ཅེས་རྗོད་ཞོར་དུ་རི་མོ་འབྲི་མགོ་བརྩམས་པ་དང་། རྗེས་སུ་དཔོན་པོའི་བུ་དེ་ཡིས་བརྗོད་ན་ཚེ་དབྱངས་ཉིན་དེར་རི་མོར་བཀོད་པ་ནི་ཚེ་འདིའི་ཆེས་སྤྲོ་སེམས་ཆེ་བའི་རི་མོའི་བརྩམས་ཆོས་ཡིན་རབས་བཤད་འདུག
དཔོན་པོའི་བུ་དེ་ནི་དཔོན་པོ་དེའི་བཀའ་བཀོད་ལྟར་ཨ་མེ་རི་ཀའི་ཧ་ཝར་སྒྲི་སློབ་ཆེན་གྱི་ཆབ་སྲིད་རིག་པའི་སློབ་གཉེར་བྱེད་པར་བསྐྱོད་ཀྱང་། ཆུང་དུས་ནས་ཨ་མ་མེད་པ་དང་དཔོན་པོ་ཡང་ལས་ཀའི་དོན་དུ་བུ་དེར་ཕ་ཞིག་གི་བྱམས་སྐྱོང་ངོ་མ་དེ་སྤྲོད་ཐུབ་མེད་པ་སོགས། གཞོན་དུས་ཀྱི་སེམས་ནང་གི་ཁེར་རྐྱང་གི་དཀའ་ངལ་ཡོད་ཚད་རི་མོ་འབྲི་བར་གོམས་པ་ལྟར། ཧ་ཝར་སྒྲི་སློབ་ཆེན་གྱི་སློབ་གཉེར་གོ་སྐབས་བཞག་སྟེ། ནེའུ་ཡོག་གི་རི་མོའི་སྒྱུ་རྩལ་སློབ་གླིང་ཆེས་སྤྱིར་བཏང་ཞིག་ཏུ་སློབ་གཉེར་བྱས་པ་དང་། ཞོར་དུ་དཔོན་པོོ་ཨ་ཕས་བསྐུར་པའི་དངུལ་སོགས་ཀྱིས་མ་རྩ་བྱས་ཏེ་གཞན་དང་མཉམ་འབྲེལ་གྱིས་ཚོང་ལས་གཉེར་བ་དང་། ཉེའུ་ཡོག་ཏུ་ཚོང་ལས་རྟེན་གཞི་བརྟན་པོ་བཙུགས་ཡོད་པ་ཞིག་ཡིན་འདུག (དགོངས་དག དཔོན་པོ་དེའི་བུ་ཡི་མིང་ལ་ཚེ་དབྱངས་ཀྱིས་ཀྲི་ཕང་ཞེས་འབོད་བཞིན་འདུག དོན་དངོས་རུས་མིང་སོགས་འདིར་བཀོད་སྟབས་མི་བདེ། ) ཚེ་དབྱངས་ཀྱིས་བརྗོད་ན་ཀྲི་ཕང་གིས་ཁོ་མོ་ཉིན་དང་པོར་མཐོང་བ་ནས་སེམས་པ་ཤོར་བ་དང་། ཚེ་དབྱངས་དཔོན་པོ་ལ་ཐུག་རྒྱུའི་ཁ་གྲངས་ཇེ་ཉུང་ཕྱིན་པ་དང་ཀྲི་ཕང་དང་འཕྲད་རྒྱུའི་ཁ་གྲངས་ཇེ་མང་ལ་སོང་ཡོད་པ་མ་ཟད། ཀྲི་ཕང་གིས་ཚེ་དབྱངས་བོད་པ་ཡིན་པ་དང་འབྲོག་ཁུལ་ནས་འཚོ་བ་རོལ་བ་སོགས་ཤེས་རྗེས་ལྷག་དོན་དུ་ཚེ་དབྱངས་ལ་དགའ་བོ་བྱས་པ་དང་། ཀྲི་ཕང་བརྒྱུད་དེ་ཚེ་དབྱངས་ཀྱིས་མི་ཚེ་འདིར་མོ་ལོ་༡༩རིང་ལ་གོ་མ་མྱོང་བའི་གནས་ལུགས་མང་པོ་རྟོགས་པ་མ་ཟད། ཀྲི་ཕང་ནི་དཔོན་རིགས་དེ་དང་མི་འདྲ་བར། སྲིད་དང་དབང་གི་ཕྱོགས་ལ་དོ་སྣང་མེད་ཅིང་། རི་མོ་དང་སྒྱུ་རྩལ། ཚོང་ལས་ལ་དོ་སྣང་ཆེ་བ་མ་ཟད་། ཀྲི་ཕང་ནི་ཚེ་དབྱངས་ལ་རིག་གནས་གསར་བརྗེ་ཞེས་པ་དེ་ཇི་ལྟར་བྱུང་བ་དང་། ཀྲི་ཕང་གི་བཅིངས་གྲོལ་དམག་མི་ཡིན་པའི་ཨ་མས་རང་ཉིད་བློས་གཏོང་བྱེས་ཏེ་གསར་བརྗེ་ཞེས་པའི་ཁ་གཡང་གདམས་ནས་དམག་ས་རུ་རྐྱེན་འདས་སུ་སོང་བ་སོགས་ཀྱི་བརྒྱུད་རིམ་བཤད་ཅིང་། ཚེ་དབྱངས་ཀྱིས་རང་གི་ཨ་མས་ཆུང་དུས་བཤད་པའི་ཨ་ཕ་ནི་རིག་གནས་གསར་བརྗེའི་སྐབས་སུ་འཐབ་རྩོད་བྱེད་དུ་ཁྲིད་རྗེས་ནས་ཕྱིར་ཡོང་མེད་སོང་བའི་ལོ་རྒྱུས་སོགས་གཞི་ནས་མི་མང་གིས་མྱངས་ཟིན་པའི་ལོ་ཟླ་ནག་པོ་ཞིག་གི་ཟུར་ཙམ་ཀྲི་ཕང་གིས་ངག་ལས་ཐོས་ཤིང་། ཀྲི་ཕང་གི་གཤིས་འཇམ་དང་གུ་ཡངས། བག་ལྷོད་དང་བསམ་བློ་སོགས་ལ་ཚེ་དབྱངས་ཀྱང་ལྐོག་ནས་ཀྲི་ཕང་ལ་སེམས་པ་ཤོར་ཡོད་འདུག
རིམ་བཞིན་ཚེ་དབྱངས་ཀྱིས་དཔོན་པོ་དང་བུ་གཉིས་ཀྱི་བར་དུ་ཐུན་མོང་གི་སྐད་ཆ་མེད་པ་དང་དཔོན་པོས་བུ་ཀྲི་ཕང་གི་བསམ་བློ་ནོར་འཁྲུལ་ཡིན་པ་དང་བུ་ཡིས་ཨ་ཕའི་ཀླད་པ་རྙིང་བ་ཡིན་པ་སོགས་བཤད་དེ་ཕ་བུ་ཕན་ཚུན་བར་དུ་གོ་བརྡ་འཕྲོད་ཐབས་མེད་པས། ཚེ་དབྱངས་ནི་ཁོ་ཕ་བུ་གཉིས་བར་གྱི་ཕོ་ཉ་ལྟ་བུར་གྱུར་པ་དང་། དེའི་རྗེས་རིམ་བཞིན་དཔོན་པོ་ཕྱི་ལ་འགྲོ་རྒྱུའི་ཁ་གྲངས་ཇེ་མང་དང་ལན་རེར་ཟླ་ཤས་ལ་ཡང་ཚེ་དབྱངས་ཀྱིས་མཐོང་མི་ཐུབ་པ་བརྒྱུད་དེ་རིམ་བཞིན་ཀྲི་ཕང་དང་ཚེ་དབྱངས་ཀྱི་བར་དུ་བརྩེ་དུང་ཆགས་ཤིང་། ཚེ་དབྱངས་ཀྱི་སློབ་གྲྭའི་དབྱར་གནང་དང་མཉམ་དུ་ཀྲི་ཕང་གིས་ཚེ་དབྱངས་འཚར་ལོངས་བྱུང་སའི་ཕ་ཡུལ་མི་ཉག་འབྲོག་ཁུལ་དུ་ལྟ་སྐོར་ལ་བསྐྱོད་པར་རེ་བ་བཏོན་ཏེ། ཚེ་དབྱངས་ཀྱིས་ལོ་ངོ་ལྔ་ལྷག་ལ་གྱེས་ཟིན་པའི་ཕ་ཡུལ་དྲན་པ་དང་མཉམ་དུ་ཁོ་གཉིས་མི་ཉག་ཏུ་སོང་ཡོད་པ་རེད།
མི་ཉག་ཏུ་ཀྲི་ཕང་གིས་གནམ་ས་ཡོད་ཚད་དང་བོད་མི། རི་དང་གཙང་བོ། བྱ་བྱེའུ་འབའ་འབུ། མེ་ཏོག་དང་རྩི་ཤིང་སོགས་ཡོད་ཚད་རི་མོར་ཕབ་ཅིང་། ད་དུང་ཚེ་དབྱངས་ལ་ཐོག་དང་པོར་མི་ཚེ་འདིར་ཆེས་ཐོག་མའི་ཏཱ་ལའི་བླ་མ་ཞེས་པའི་བོད་ཀྱི་བླ་མ་ཞིག་གི་གཏམ་རྒྱུད་ཀྱང་བཤད་འདུག ཚེ་དབྱངས་ཀྱིས་བརྗོད་ན་ཆུང་དུས་ནས་༧རྒྱལ་བ་པན་ཆེན་གཉིས་ཀྱི་མཚན་ནས་བཟུང་སྟེ་སྨོན་ལམ་གསོལ་འདེབས་ཞུ་བཞིན་པ་ཡང་ཡང་གོ་མྱོང་ལ་ཨ་མ་གཙོས་པའི་སྡེ་མི་ཚོས་ཁ་ཁུ་སིམ་པོའི་ངང་ནས་མཚན་འདི་གཉིས་ནས་འབོད་བཞིན་པ་ཡང་ཡང་གོ་མྱོང་ཡང་། ཏཱ་ལའི་བླ་མ་ཞེས་པའི་བོད་ཀྱི་བླ་མ་ཞིག་གི་མཚན་དེ་ཐོག་མར་ཐོས་པ་ཡིན་པ་རེད། ཀྲི་ཕང་གིས་ཚེ་དབྱངས་ལ་ངོ་སྤྲོད་བྱས་པ་ལྟར་ན། རྒྱའི་དམག་གིས་བོད་ས་བཙན་བཟུང་བྱས་པ་དང་། ལྷ་སའི་ཕོ་བྲང་པོ་ཏཱ་ལ་བཞུགས་གནས་གནང་མྱོང་བའི་༧ཏཱ་ལའི་བླ་མ་བོད་མི་མང་པོ་དང་མཉམ་དུ་གཞན་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ། བོད་དུ་སྐབས་དེའི་དཔུང་འཇུག་ཁྲོད་ནས་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་སོགས་ཀྱི་ལོ་རྒྱུས་བཤད་པ་དང་། དེ་ལས་ཀྱང་ཚེ་དབྱངས་ལ་ཁྱེད་ཉིད་ནི་ཏཱ་ལའི་བླ་མར་དད་པའི་མི་རིགས་ཤིག་གི་བུ་རབས་ཚ་བརྒྱུད་ཡིན་པས། ཁྱེད་ཀྱིས་རང་ཉིད་བོད་མི་ཞིག་ཡིན་པ་བརྗེད་མི་ཉན་པ་དང་དེ་ལས་ཀྱང་ཁྱེད་ཀྱིས་ཕ་ཡུལ་གྱི་དྭངས་གཙང་གི་མཁའ་དབུགས་དང་རི་ཆུ་ནགས་གསུམ། སྙིང་རྗེ་ཆེ་ཞིང་ཞི་དུལ་ལྡན་པའི་མི་རིགས་འདི་ཚོ་བརྗེད་མི་ཉན་ལ་སོགས་པའི་ཨ་ཕ་ཞིག་གིས་བུ་མོ་ཞིག་ལ་སློབ་གསོ་རྒྱག་པ་ལྟར་ཚེ་དབྱངས་ལ་གཅིག་གཅིག་གཉིས་གཉིས་བྱས་ཏེ་བཤད་མྱོང་འདུག་ལ། ཚེ་དབྱངས་ཀྱིས་དང་ཐོག་གོ་བ་ཡག་པོ་ལེན་མི་ཐུབ་པ་དང་སྐད་ཆའི་ནང་དོན་མང་པོ་ཞིག་གོ་མི་ཐུབ་ཀྱང་ད་ལྟ་ཕྱིར་འདངས་བརྒྱབ་ན་ཀྲི་ཕང་རང་གི་བུ་འོད་ཟེར་ཚེ་རིང་གི་ཨ་ཕར་གྱུར་པ་ཙམ་དུ་མ་ཟད། རང་ཉིད་དང་འོད་ཟེར་ཚེ་རིང་གཉིས་ལ་མཚོན་ན་བོད་མི་ངོ་མ་ཞིག་ཏུ་འགྱུར་དུ་མཇུག་མཁན་གྱི་མི་དེ་ཡང་ཡིན་པ་རེད།
དེའི་རྗེས་ཀྱི་ལོ་ངོ་གཅིག་གི་ནང་དུ་དཔོན་པོས་ཀྱང་ཚེ་དབྱངས་དང་ཁྲི་ཕང་གི་འབྲེལ་ལམ་ཤེས་ཤིང་དངོས་སུ་མ་འདོད་པའི་རྣམ་འགྱུར་མ་བསྟན་པ་མ་ཟད། ཀྲི་ཕང་ལ་ཆུང་དུས་ཨ་མ་མེད་པ་དང་རང་གིས་ཀྱང་བྱམས་སྐྱོང་བྱེད་མ་ཐུབ་པ་སོགས་ཀྱིས་ཐེངས་འདིར་བུ་ལ་བརྩེ་དུང་གི་འཛུམ་མདངས་རྙེད་པར་བཀག་འགོག་གང་ཡང་བྱེད་མེད་པར་སྔར་བཞིན་ཚེ་དབྱངས་ལ་ཟླ་རེའི་འཚོ་བའི་འགྲོ་གྲོན་དང་སྔར་བཞིན་རིན་གོང་ཆེ་བའི་ལེགས་སྐྱེས་སྣ་ཚོགས་སྤྲོད་བཞིན་ཡོད་འདུག ཚེ་དབྱངས་སྒྱུ་རྩལ་སློབ་གླིང་གི་ལོ་བཞི་བའི་སྐབས་ལ།་མངལ་ཆགས་པ་དང་། གྲོད་ཁོག་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བ་སོགས་ཀྱིས་སློབ་གྲྭར་མུ་མཐུད་ནས་སྡོད་ཐབས་མ་བྱུང་བར་གནས་སྐབས་སློབ་གྲྭ་ནས་ཕྱིར་འཐེན་བྱས་པ་དང་། དེའི་རྗེས་ཀྲི་ཕང་དང་དཔོན་པོ་གཉིས་ཀྱིས་ཚེ་དབྱངས་ཨ་རིར་བཏང་ཡོད་པ་རེད་ལ། ཨ་རིར་ཡོད་པའི་ཀྲིི་ཕང་གི་མ་རྩ་འཛུགས་སའི་ཟ་ཁང་ཞིག་གི་མ་རྩ་གཞན་རྣམས་ཀྱང་དཔོན་པོ་དེ་ཡིས་འགྲོ་སོང་བཏང་ནས་ཟ་ཁང་ཧྲིལ་བོ་ཚེ་དབྱངས་ཀྱི་མིང་ཐོག་ལ་བཀོད་པ་དང་། ཚེ་དབྱངས་ལ་འཚོ་བའི་འགྲོ་གྲོན་གྱི་མ་དངུལ་སོགས་འདང་ངེས་ཀྱིས་ཀྲི་ཕང་གིས་ཚེ་དབྱངས་ཨ་རིར་སྐྱེལ་མ་བྱས་ཡོད་འདུག
ཚེ་དབྱངས་ཀྱིས་བརྗོད་ན། སྐབས་དེར་ཁོ་མོ་ལོ་ན་༢༡ལས་སོན་མེད་པ་དང་ཀྲི་ཕང་ལོ་༢༥་ཙམ་ཡིན་པས་གཉེན་སྒྲིག་ཀྱང་མ་འགྲིག་པ་མེད་ཀྱང་། ཐོག་མར་ཚེ་དབྱངས་མངལ་ཆགས་དུས། ཀྲི་ཕང་གིས་ཚེ་དབྱངས་ལ་བོད་མི་མང་པོས་དགྲ་ལྟར་ལྟ་སའི་རྒྱ་རིགས་ཤིག་གི་ཁྲག་རྒྱུན་གྱི་བུ་རབས་ཚ་བརྒྱུད་སྤེལ་ཚེ། གཅིག་བྱས་ན་ཚེ་དབྱངས་འཚར་ལོངས་བྱུང་བ་དང་གནས་ཚུལ་མང་པོ་ཤེས་རྗེས་འགྱོད་པ་སྐྱེ་སྲིད་ལ། ཕ་མེས་ཡང་མེས་ཚོས་ལེ་བདའ་བྱེད་སྲིད་པ། དེ་བཞིན་ཀྲི་ཕང་ལ་གཉེན་སྒྲིག་བྱས་ཀྱང་དེ་ལྟར་དུ་གཅིག་བྱས་ན་ཚེ་དབྱངས་ཚེ་གང་བོར་འགྱོད་སྐྱེས་སྲིད་པ་ལ་སོགས་ཀྱི་ཐད་ནས་སྐད་ཆ་བྱུང་ཞིང་། མཐར་ཚེ་དབྱངས་དང་ཀྲི་ཕང་གཉིས་ཀྱིས་ཨ་རིར་སོང་ནས་བྱིས་པ་སྐྱེ་རྒྱུ་དང་། བྱིས་པ་སྐྱེས་རྗེས་གཉེན་སྟོན་རྗེས་ཕྱོགས་བྱ་ངེས་པ་ལ་སོགས་པའི་གྲོས་བྱས་ཏེ་མཐར་ཚེ་དབྱངས་ཨ་རི་ལ་འབྱོར་ཡོད་འདུག
གཏམ་རྒྱུད་བཤད་ཞོར་རྒུན་ཆང་འཐུང་ཞོར་དུ། ཕལ་ཆེར་མཚན་གུང་ཆུ་ཚོད་བཅུ་གཅིག་ཙམ་ཟིན་སོང་བས། ཚེ་དབྱངས་དང་ངེད་གཉིས་གཞི་ནས་ཚུར་མགྲོན་ཁང་གི་ཁང་མིག་ཏུ་འབྱོར་བ་དང་། ཚེ་དབྱངས་ཀྱིས་བརྗོད་ན། ཀྲི་ཕང་དང་ཁ་གྱེས་པའི་ལོ་ཟླའི་བར་དུ་འཛོམས་པ་ལས་གྱེས་པ་མང་ཞིང་། ཁེར་རྐྱང་གིས་བུ་འོད་ཟེར་ཚེ་རིང་གཉོར་སྐྱོང་བྱས་པ་དང་། ཚེ་དབྱངས་ཀྱིས་ཡར་མར་གྱི་མི་རྣམས་དང་འབྲེལ་བ་བྱུང་བ། ཨ་རིའི་སྤྱི་ཚོགས་དང་འགྲོགས་པས། མཐར་བརྩེ་དུང་ལྡན་པའི་རྒྱ་རིགས་རི་མོ་བ་འདི་དང་གཉེན་སྒྲིག་མི་བྱེད་པའི་ཐག་གཅོད་བྱས་ཡོད་འདུག རང་ཉིད་གཅིག་པུ་ཡིས་འོད་ཟེར་ཚེ་རིང་སྐྱེད་སྲིང་བྱེད་སྐབས་ཀྱི་འཇིག་རྟེན་གྱི་བརྩེ་དུང་ལྡན་པའི་དགའ་གྲོགས་ཤིག་བློས་གཏོང་བྱས་པ། ཡང་ན་ལོ་རྒྱུས་དང་དོན་དངོས་ཀྱིས་བུད་མེད་ཅིག་ལ་དགོས་པའི་གཉེན་སྒྲིག་གི་རྨི་ལམ་མེད་པར་བཏང་བ། འགྲན་རྩོད་དང་གདུག་རྩུབ་ཆེ་བའི་ཚོང་རའི་དམག་འཁྲུག་ནས་བོད་མཐོ་སྒང་གི་འབྲོག་མོ་ཞིག་གིས་ཕམ་ཁ་མ་ཉོས་པ། བོད་རིགས་ཨ་མ་ཞིག་གི་ངོས་ནས་བྱིས་པ་གསོ་སྐྱོང་གི་སེམས་ཚེགས་དང་བློས་གཏོང་སོགས་མང་པོ་ཞིག་བཤད་ཀྱང་དགོང་མོ་དེར་ང་རང་དངོས་སུ་བཟི་ཡོད་པར་སྣང་བས་མང་པོ་ཞིག་སེམས་ངོར་བཟུང་མི་འདུག
ཕྱི་ཉིན་གཉིས་སད་དུས། ཚེ་དབྱངས་ཀྱིས་སྔ་ས་ནས་ཞོགས་ཇ་མངགས་པ་དང་ཚགས་པར་ཞིག་ཀློག་བཞིན་ང་རང་གཉིད་ལས་སད་པར་བསྒུགས་འདུག ང་རང་ཡར་ལངས་པ་དང་ཚེ་དབྱངས་ཀྱིས། ཁ་སང་ངས་མི་ལོ་མང་པོར་ཕྱིར་དྲན་བྱ་མ་ཕོད་པའི་གནས་ཚུལ་མང་པོ་ཞིག་ཁྱེད་ལ་བཤད་ཟིན། དེ་རིང་དེའི་ཐད་ཀྱི་སྐད་ཆ་རྣམས་ཕར་བཞག་སྟེ་ངས་ཁྱེད་རང་སྐྱིད་པོ་གཏོང་སར་འཁྲིད་ཆོག དེ་བས་མགྱོགས་མྱུར་ཞོགས་ཟས་ཟོ་དང་། འོད་ཟེར་གྱིས་འུ་གཉིས་ཀར་མགྲོན་ཁང་གི་ཐང་ཆེན་དུ་བསྒུགས་འདུགཟེར།
(འདི་ནི་མཁུར་ཚོས་དམར་པོ་ཞེས་པའི་དེབ་དེའི་ནང་གི་བྱུ་རུའི་སྐྲ་འཛར་ཡིན་ལ། ཚེ་དབྱངས་ཀྱི་གཟུགས་པོ་ཧྲིལ་བོར་དེང་རབས་གྱོན་ཆས་ཀྱིས་གཡོགས་ཀྱང་། བུད་མེད་ཅིག་ལ་མཚོན་ན་སྐྲ་ལོ་ནི་བུད་མེད་དེའི་མཛེས་སྡུག་གི་ཆ་ཤས་གལ་ཆེན་ཞིག་ཏུ་གྲུབ་པ་ལྟར་དུ། ཚེ་དབྱངས་ཀྱི་མཛེས་སྡུག་གི་ཕྱེད་ཀ་ཡར་འདེག་བྱེད་ཀྱི་བྱུ་རུའི་སྐྲ་འཛར་དེ་ཇི་བཞིན། ཚེ་དབྱངས་ནི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་འདུ་འཛི་དང་ཟང་ཟིང་རྒོད་ཅིང་མི་ཚོགས་མང་ཤོས་ཀྱི་གྲོང་ཁྱེར་འདིར་འཚོ་བ་རོལ་ཞིང་། ཁོ་མོའི་སེམས་ཀྱི་གཏད་ས་དང་བླ་སྲོག་གི་གཞི་བདག་ནི་འོད་ཟེར་ཚེ་རིང་ཡིན་པ་དང་། འོད་ཟེར་ཚེ་རིང་ནི་བོད་ཀྱི་རི་ཆུ་ནགས་གསུམ་དང་བོད་རིགས་མི་མང་ལ་བརྩེ་དུང་ཆེ་བའི་གངས་ཀྱི་ཕོ་རྒོད་ཅིག་ཡིན་པས། ཚེ་དབྱངས་ཀྱིས་ཚེ་འདིར་འོད་ཟེར་ཚེ་དབྱངས་སྐྱེས་ཏེ་དྲིན་ཆེན་ཨ་མ་ཞིག་གི་ཤ་ལས་མཆེད་པའི་བུ་ཆུང་རྒྱང་རིང་དུ་བསྐྱོད་པའི་དྲན་གདུང་བཟོད་པར་བྱས་ཏེ་བོད་ཀྱི་འབྲོག་ཁུལ་དུ་བཏང་བ་སོགས་ཀྱི་བརྒྱུད་རིམ་ལས། ངས་ཚེ་དབྱངས་ཐོག་དང་པོ་མཐོང་དུས་ཀྱི་རང་གཤིས་ནས་གྲུབ་པའི་མཛེས་མ་ཞིག་ལས་ལྷག་པའི་བཀུར་བསྟི་འཐོབ་འོས་པའི་བོད་ཀྱི་ཨ་མ་ཞིག་ཏུ་མཐོང་སོང་། ཚེ་དབྱངས་ཀྱིས་བརྗོད་པ་ལྟར་བདེན་པ་ནུས་མེད་དུ་བརྩི་བའི་དུས་རབས་འདི་དང་སྤྱི་ཚོགས་འདི་རུ། ངས་ཚེ་དབྱངས་ཀྱི་བདེན་པའི་གཏམ་རྒྱུད་འདི་ནི་གཡོ་བག་དང་ཟོལ་རྫུན་གྱིས་མ་གྲུབ་པའི་ཆེས་འོད་དུ་འཚེར་བའི་མུ་ཏིག་རྡོག་ཅིག་ཏུ་མཐོང་ལ། བྱི་རུའི་སྐྲ་འཛར་ལྟ་བུའི་ཚེ་དབྱངས་ནི་བོད་རིགས་བུད་མེད་ཚོའི་རྒྱན་ཆ་ཞིག་ཏུ་བསམས་ཏེ། ཕྱིར་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོང་བ་ཡིན།)
རྫོགས་སོ།

Leave a Reply