ཟིན་བྲིས་འདི་སྒོ་འབྱེད་བྱེད་པ་ནས་གནས་ཚུལ་གང་ཡང་མ་བྲིས་པར་ཡུན་རིང་ཕྱིན་སོང་།
དེ་རིང་བསྐྱར་དུ་བོད་མདོ་སྨད་གཅན་ཚ་རུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སོང་ཟེར། ཚེ་བརྟན་རྡོ་རྗེ་ལ་བལ་ཡུལ་དུ་བཙོན་མཇུག་ཁྲིམས་ཐག་བཅད་འདུག་ཟེར། མཐའ་སྐོར་དུ་སྐད་ཆ་འདྲ་མིན་བཤད་ཀྱིན་འདུག སྐད་ཆ་དེ་ཚོ་རླུང་དང་སྡེབས་ནས་ཡུན་རིང་བུད་སོང་། ༼ད་བོད་ནང་གི་བོད་མི་ཚོ་སྙིང་རྗེ༽ ༼ད་རང་ལུས་མེར་བསྲེགས་མ་བཏང་ན་རེད། ༽༼ད་རང་ལུས་མེར་བསྲེགས་བཏང་ནས་ག་རེ་བྱ་དགོས་རེད། ༽ ༼བྱིས་པ་བཞག་ཏེ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་འབྲོག་མོ་དེ་འདྲ་ཡོད་སྲིད་དམ༽ ༼དོན་ངོ་མ་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་ཡིན་སྲིད་དམ༽ ༼མི་དེ་སེམས་ཤུགས་ཚ་བ་ལ༽ ༼མི་དེ་ཡག་པོ་རེད། བློས་གཏོང་ཆེན་པོ་བྱེད་རེད། ༽༼མི་དེ་ལ་བསམ་ཤེས་བྱ་ཤེས་ཀྱིན་མི་འདུག ཨ་ཅེ་དང་ཕྲུག་གུ་མི་དགོས་པ་ཞིག༽ ༼མི་དེ་ཡིས་རྒྱ་ནག་གི་རྒྱལ་དར་ཁྱེར་ནས། ག་རེ་ཡིན་ལབ་ཀྱིན་ཡོད་པ་རེད། ༽ ༼མི་དེ་ལྐུགས་པ་ལ། དངུལ་སྤྲད་དེ་ཁྲིམས་ཐག་མེད་པར་བཏང་ན་རེད་མོད།༽ ་་་་་་སྐད་ཆ་ད་དུང་དྲ་ལམ་དང་འཚོ་བ་གཉིས་ངོས་སུ་གྲགས་ཀྱིན་འདུག ངས་རྣ་མཆོག་ལྟེབས་རྩིས་རྒྱག་དགོས་བྱུང་།
མི་ལ་ཤས་ཀྱིས་དོན་དངོས་ཀྱི་འཚོ་སྡོད་དང་དོན་དངོས་ཀྱི་མི་ཚེ་ནི་གཞི་ནས་རིན་ཐང་བྲལ་བ་དང་། འཆར་ཡན་དང་བསམ་གཞིགས་ཀྱི་བར་དུ་རི་མོ་འབྲི་མཁན་དང་ཁ་དོག་སྣོན་མཁན། ཡང་ན་སྙན་ངག་འབྲི་མཁན་དང་སྣང་བརྙན་བཞེངས་བསྐྲུན་བྱེད་མཁན་ཚོ་ནི་དེ་འདྲའི་ཉམས་ཆུང་ནུས་མེད་དང་དེ་འདྲའི་རིན་མེད་ཆོ་མེད་ཞིག་ཏུ་མཐོང་གིན་པ་ངས་ཁོ་ཚོའི་མིག་ཟུང་དང་ཁ་ཚིག་ལས་ཁ་གསལ་གྱིས་མཐོང་གིན་འདུག ༼དེ་ཚང་གི་ཁང་བ་ཆེན་པོ་འདུག དེ་ཚང་གི་ཁང་བ་ཡོད་སའི་ཁོར་ཡུག་བཟང་པོ་རེད། ཁོའི་བཟའ་ཟླ་ཧ་ཅང་འཇོན་པོ་རེད། མོའི་བཟའ་ཟླ་ག་གེ་མོ་སྐུ་ངོ་ཚང་གི་རེད། དེ་ཚང་གི་ལྕམ་མོའི་རྒྱན་ཆ་མཛེས་པ་ལ། དེ་ཚང་གི་བུ་མོའི་མུ་ཏིག་གི་རྣ་རྒྱན་ཆེ་བ་ལ། ༽ ༼ད་ཁང་བ་མི་ཉོའམ། ད་རླངས་འཁོར་མི་ཉོའམ། ང་བཟའ་ཚང་མི་བྱའམ། ད་བྱིས་པ་མི་བཙའ་འམ། ད་རྒས་འགྲོ་གིན་འདུག་དཱ། ༽ ངས་རྐང་པ་ཡ་གཅིག་གྲོག་མའི་ཚང་ཞིག་ཏུ་སྤོས་ཡོད་པའི་ཚོར་སྣང་སྐྱེས། ང་གྲོག་མ་དེ་ཚོར་ཡ་མཚར་ཞིང་། གྲོག་མ་དེ་ཚོ་ང་ལ་ཡ་མཚར་གྱིན་འདུག
ནམ་རྒྱུན་ཡིན་ན་ང་ཐད་ཀར་མདུན་དུ་མཆོངས་ནས་སྐད་ཆ་བཤད་ལོབས་སུ་སོང་ཡོད་ལ། ཁ་གཏད་དམ་ཡང་ན་རང་གིས་གང་བསམ་པ་བཤད་རྐྱང་བྱས་ཀྱང་། བར་ལམ་ཞིག་ནས་སྐད་ཆ་དེ་ཚོ་བཤད་དང་མ་བཤད་ཀྱི་ཁྱད་པར་གང་ཡང་མ་མཐོང་བས། ཐབས་ལམ་ལེགས་ཤོས་ནི་རྣ་མཆོག་ལྟེབས་རྩིས་རྒྱག་རྒྱུ་དེ་རེད། ཡིན་ན་ཡང་སྒོ་ཕྱེ་མི་དགོས་པར་རང་བཞིན་གྱིས་གོ་ཐུབ་པ་དེ་རྣ་མཆོག་རེད་འདུག
རེད། ད་ནི་ཚེ་སྲོག་མེ་རུ་སྒྲོན་མཁན་ཇེ་མང་ལ་གྱུར་སོང་། སྐྱ་སེར་རྒན་དར་ཕོ་མོ་དབྱེར་མེད་ཀྱིས། ཨ་མའི་ངུ་དག་དང་ཨ་ཕའི་བསམ་གཞིགས། བྱིས་པ་ཚོའི་ཡ་མཚར་བའི་མིག་ཟུང་གི་དྲི་བ། བཟའ་ཟླ་དང་ཆུང་མས་བསམ་ཤེས་མེད་པའི་བར་ནས་ཚེ་སྲོག་མང་པོ་ཞིག་གིས་གཟུགས་པོའི་ཆ་ཤས་རེ་རེ་མེ་ཤུགས་དམར་བོར་སྒྲོན་སོང་། དེ་དག་གི་ཤུལ་དུ་མ་ཎི་རེ་དང་འུད་ཤོབས་སྐམ་པོ་རེ་ལས་ཅི་ཞིག་ཡོད་སྲིད་དམ། རང་དབང་གི་ཡུལ་གྲུ་ཁག་ཏུ། ཚེ་སྲོག་གི་འགྲོ་སོན་གཏོང་དགོས་ཞེས་འུར་རྒྱག་མཁན་དང་རིག་གཞུང་དང་ལ་རྒྱ་གླེང་ནས་བཤད་སྟེགས་སུ་མིག་ཆུ་འདོན་མཁན་ཡང་མང་པོ་འདུག ཡིན་ན་ཡང་དོན་དངོས་སུ་ཚེ་སྲོག་གི་མཆོད་པ་ཕུལ་མཁན་དང་མཐའ་རྔ་མ་མིག་ཆུ་དང་གདུང་བས་སྐྱོམས་བཞིན་པ་ནི་གཞིས་ལུས་བོད་མི་རེད་འདུག་པས། ང་ལ་ཡང་སྨྲ་བ་མེད་པར་ཡུན་རིང་ཞིག་ཏུ་ལུས་སོང་།
ཟླ་ངོ་འདི་དག་ནི་ང་ལ་མཚོན་ན་ཆེས་དལ་ཞིང་རིང་བའི་ལོ་ཟླ་དེ་ཡིན་འགྲོ ནམ་རྒྱུན་ངས་ཀྱང་ཤེལ་ཁང་གི་རྡོ་ཐེམ་བར་དུ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞིའི་དཔེ་གསར་གྱོན་ཆས་གྱོན་ཏེ། ཁཱོ་ཧྥེ་དང་མཱ་གྷི་རིས་ཌ་འཐུང་ཞིང་།་རྒྱ་མཚོའི་མཐའ་དང་རི་ངོགས། སྤང་ཐང་དང་གྲོང་ཁྱེར་ངོགས་སུ་བག་གཡེང་དང་སྤྲོ་དགས་རོལ་བཞིན་ཡོད་ལ། ལས་ཀའི་སྐབས་སུ་ལས་ཀ་དང་ངལ་གསོའི་སྐབས་སུ་ངལ་གསོ་ཡི་དུས་ཚོད་དེ་ལོངས་སྤྱོད་བྱེད་ཀྱིན་ཡོད། ད་དུང་ཤར་ནུབ་ཕོ་མོ་རྣམས་དང་མཉམ་དུ་ཆེས་གསེར་མདོག་གི་དུས་ཚོད་དང་སྤྲོ་དགའི་དཔལ་ལ་རོལ་བཞིན་ཡོད། ཡིན་ན་ཡང་ལོ་ཟླ་འདིའི་ངོས་སུ་ཅི་ཡིན་འདི་ཡིན་མེད་པར། སེམས་གཏིང་ནས་བདེ་སྐྱིད་དམ་ཡང་ན་དགའ་སྤྲོ་ཞིག་མི་ཐོབ་དོན་ཅི་ཡིན་སྲིད་དམ། ངས་ཡང་ཡང་དུ་རང་ཉིད་ལ་སྐད་ཆ་དྲིས་ཤིང་། མཚམས་རེར་མཚན་གུང་ལ་ཁ པར་གྱི་བརྡ་དྲིལ་གྲགས་དུས་སུ་སེམས་ཆུང་དང་བློ་འཚབ་ཀྱིས་གསང་འཕྲིན་ལྟ་བར་ཞེད་འདར་རྒྱག་དགོས་བྱུང་། ༼རང་ལུས་མེར་བསྲེགས་བཏང་འདུག རྔ་བ་ནས། འཛམ་ཐང་ནས། རྟའུ་ནས། ཆབ་མདོ་ནས། མགོ་ལོག་ནས། རྨ་ཆུ་ནས། འཛམ་ཐང་ནས། ཁྲི་འདུ་ནས། ཐེམ་ཆེན་ནས། རྒྱ་གར་ནས། རེབ་གོང་ནས། རྒྱལ་རོང་ནས། ལྷ་ས་ནས། གཅན་ཚ་ནས༽ ༼བུ་མོ་ཞིག་རེད། དགེ་མདུན་པ་ཞིག་རེད། མི་སྐྱ་ཞིག་རེད། ཨ་མ་ཞིག་རེད། སློབ་མ་ཞིག་རེད། བླ་མ་ཞིག་རེད། བཙུན་མ་ཞིག་རེད། གསར་འབྱོར་ཞིག་རེད། ༽ངས་ཉན་ན་མི་བཟོད་པ་ནས། ངུ་ཤུམ་བྱེད་པ་ནས། ཡ་མཚར་བ་ནས། མིག་ཆུ་མེད་པ་ནས། བསམ་གཞིགས་བྱེད་པ་ནས། ག་ལེར་ཅི་ཡིན་འདི་ཡིན་མི་ཤེས་པའི་གསར་འགྱུར་དེ་ཚོའི་ཡིག་འབྲུའི་བར་ནས་རྣམ་ཤེས་ཕྱིར་འཐེན་བྱེད་ཐབས་བྲལ་དུས། ད་གཟོད་ངས་མིག་མདུན་གྱི་ལོངས་སྤྱོད་དང་དུས་ཚོད། འཚོ་བ་དང་མི་ཚེ། བྱ་བཞག་དང་འབྱུང་འགྱུར་ཡོད་ཚད་ལ་བརྩེ་མདངས་བོར་བའི་ཉིན་དེ་རེད་འདུག་ལ། བརྡ་འཕྲིན་དེ་དག་གི་བརྒྱབ་ཏུ་ཡོད་པའི་མི་ཚོགས་དེ་ཡི་ན་ཟུག་དང། མིག་ཆུ བློས་གཏོང་དང་མངོན་འདོད། ལྷག་བསམ་དང་འབོད་བརྡ་སོགས་ལ་བསམ་གཞིགས་ཇི་ལྟར་བྱེད་པ་དང་མཉམ་དུ། ནུས་མེད་རྒྱང་རིང་གི་བུ་མོ་ང་རང་དང་ངའི་མཐའ་སྐོར་དུ་འུར་གྱིས་འདྲོགས་པའི་མི་ཚོགས་འདི་ལ་ཁོང་ཁྲོ་ཟ་ཞིང་། ཚེ་སྲོག་རེ་རེ་ནི་མ་ཎི་རྐང་རེ་དང། ཚེ་སྲོག་རེ་རེ་ལ་འུད་ཤོབས་ཐེངས་གཅིག་བཤད་པའི་རིན་ཐང་ཙམ་བཞག་རྗེས། ཐ་ན་མ་མཐའི་མི་རིགས་ཤིག་གི་ངོ་བོ་དང་ངོ་གདོང་འབོར་གྱིན་པ་ལ་ཞེ་གཏིང་ནས་སྙིང་ནད་ལངས་སོང་། ཚོར་བ་འདི་ནི་དང་ཐོག་ཕྱི་ཡུལ་དུ་འབྱོར་སྐབས། ནང་ཁྱིམ་གྱི་ཆབ་སྲིད་གླེང་རྙོག་དང་། ནང་ཁྱིམ་གྱི་དབྱེ་བ་འགར་སྟངས་སོགས་ལ་བློ་མོས་མ་བྱུང་བའི་དུས་དེ་ཡི་སེམས་ཁམས་དང་ཡོངས་སུ་མཚུངས།
ཚེ་སྲོག་རེ་རེ་མེ་རུ་སྒྲོན་སོང་། མིག་ཆུ་མང་པོ་ས་རུ་ཟགས་སོང་། དུས་ཡུན་འདིར་ངས་མ་ཎི་ཚར་གཅིག་བགྲངས་མེད་ལ་མཆོད་མེ་རྐང་གཅིག་སྒྲོན་མེད། ངས་ཧུར་ཐག་གིས་ཚེ་སྲོག་དེ་ཚོ་མེ་རུ་སྒྲོན་པའི་སྣང་བརྙན་བཞེངས་བསྐྲུན་དང་ངས་མིག་ཆུ་མང་པོའི་ཕྱི་ནང་གི་བརྙན་ཟློས་སྒྲིག་པར་བརྩམས། ངས་ལོ་ཟླ་འདི་དངོས་སུ་ཇི་ལྟར་སྐྱེལ་གྱིན་པའི་ཁ་དོག་བོར་ཞིང་དོན་དངོས་སུ་ང་རང་ཚེ་གང་གི་ལམ་སྣ་གང་དུ་སླེབས་ཡོད་པ་ཡང་ཚོད་དཔག་བྱེད་ཐབས་བྲལ་སོང་།
ང་ནི་རེ་ཞིག་མི་མེད་བྱང་ཐང་ཞིག་ཏུ་བྲོས་ན་འདོད། ང་ནི་རེ་ཞིག་ཏུ་འཇིག་རྟེན་གྱི་ཆེས་མཐོ་སར་བགྲངས་ནས་ཀུ་ཞིག་བཏབས་ན་འདོད།
Leave a Reply